དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱིས་པར་ཕོག་སླ་བའི་ཆམ་རིམས་མཆེད་པས། ཆེད་མཁས་པས་ནད་བབ་དབྱེ་འབྱེད་ཀྱི་ཐབས་འགའ་བཏོན།

2025-12-05 11:09:03   |   31

རྩོམ་སྒྲིག དོན་འགྲུབ་མཚོ།   ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

དགུན་ལ་སླེབས་དུས། ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་མང་དུ་འབྱུང་། ཆེད་མཁས་པས་མིག་སྔར་མཆེད་བཞིན་པའི་དབུགས་ལམ་གྱི་ནད་སྐྱེད་གཟུགས་ལ“དམག་སྣ་མང་བོས་མཉམ་འཐབ”ཀྱི་ཁྱད་ཆོས་མངོན་པས། ཁྱིམ་བདག་གིས“གོམ་གསུམ་དབྱེ་འབྱེད་ཐབས”ལ་བརྟེན་ནས་བྱིས་པའི་ནད་བབ་ལ་ཐོག་མའི་བརྡར་ཤ་བཅད་ན། དུས་ཐོག་ཏུ་ཆམ་རིམས་ཀྱི་ནད་རྟགས་ངོས་འཛིན་བྱེད་ཐུབ་ཅེས་བརྗོད།

图片1.jpg

ཐེན་ཅིན་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀྲའེ་ཅ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་མཆེད་པའི་དབུགས་ལམ་འགོས་ནད་ཀྱི་ནད་སྐྱེད་གཟུགས་ལ་ཆམ་རིམས་ཀྱི་ནད་དུག་དང་། སྣའི་ནད་དུག དབུགས་ལམ་གྱི་ཕུང་འདྲེས་ནད་དུག་སོགས་འདུས་ཤིང་། དེའི་ཁྲོད་ཆམ་རིམས་ནད་དུག་གི་གདགས་གཤིས་ཕྱོད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཏེ། ཚ་རྒྱས་པ་དང་ལུས་ཡོངས་ན་བ་སོགས་དཔེ་མཚོན་གྱི་ནད་རྟགས་མངོན། དབུགས་ལམ་ཕུང་འདྲེས་ནད་དུག་གིས་གཙོ་བོ་ལོ་གཉིས་ཀྱི་མན་དང་ལྷག་པར་དུ་ཟླ་བ་དྲུག་ནང་གི་ཕྲུ་གུ་དམར་འབྱར་ལ"ཕར་རྒོལ"བྱས་ཏེ། གློ་ཡུ་ཡང་ཕྲན་ཚ་ནད་འབྱུང་སླ་བར་བྱེད། སྣའི་ནད་དུག་གིས་རྒྱུན་པར་སྤྱིར་བཏང་གི་ཆམ་ནད་ཁོ་ན་སློང་། འོན་ཀྱང་། དེ་ནི་བྱིས་པར་ཆམ་ནད་ཡང་ནས་བསྐྱར་དུ་ཕོག་པ་དང་། སྨན་ཁང་དུ་ཐེངས་མང་བོར་འགྲོ་བའི་ནད་སྐྱེད་གཟུགས་གཙོ་བོའི་གྲས་ཤིག་ཡིན།

ཆེད་མཁས་པས་ཁྱིམ་བདག་གིས"གོམ་གསུམ་དབྱེ་འབྱེད་ཐབས"ལ་བརྟེན་ནས་ཕྲུ་གུའི་ནད་བབ་ཐོག་མར་བརྡར་ཤ་གཅོད་དགོས་པའི་བསམ་འཆར་བཏོན། ཀྲའེ་ཅ་ཡིས་བསྟན་དོན། ཁྱིམ་བདག་གིས་ཐོག་མར་བྱིས་པའི་སེམས་ཁམས་ལ་ལྟ་ཞིབ་བྱ་དགོས་པ་དང་། སྤྱིར་བཏང་གི་ཆམ་པ་ཕོག་པའི་བྱིས་པའི་སེམས་ཁམས་དྭངས་མོད། ཆམ་རིམས་དང་གློ་ཚད་ཕོག་པའི་བྱིས་པའི་སེམས་ཁམས་མི་དྭངས་པ་དང་། རྒྱུན་ལྡན་མ་ཡིན་པའི་སུན་སྣང་སྐྱེ་བ། གཉིད་ལ་ཞེན་པ་བཅས་ཡིན། དེ་མིན་བྱིས་པའི་དབུགས་འབྱིན་རྔུབ་ཀྱི་གནས་ཚུལ་ལ་དོ་སྣང་བྱ་དགོས། སྤྱིར་བཏང་གི་ཆམ་ནད་ཀྱི་ནད་རྟགས་ནི་སྣ་འཚུབ་པ་དང་སྣ་ཆུ་བཞུར་བ་ཡིན། གལ་ཏེ་དབུགས་འཚང་བ་དང་གློ་ལུ་དྲག་པོ་བྱས་ཏེ་ལུད་པ་ཡོད་པའམ། "གཤོངས་གསུམ་གྱི་རྟགས"(དབུགས་འབྱིན་རྔུབ་སྐབས་སྒྲོག་རུས་གཤོངས་དང་བྲང་རུས་གཤོངས། རྩིབ་མའི་བར་གསེང་ཀོང་རྡིབ་བྱེད་པ)བྱུང་ན་གློ་ཚད་ལ་དོགས་ཟོན་བྱ་དགོས། གཞན་ཡང་ལུས་དྲོད་འགྱུར་ལྡོག་ལ་བརྟག་འཇལ་ནན་མོ་བྱ་དགོས་ཏེ། ཆམ་རིམས་ལ་རྒྱུན་དུ་ཚ་བ་རྒྱས་ཚད་མཐོ་བ་དང་སྤྱིར་བཏང་གི་ཚ་བ་ཞི་བྱེད་སྨན་གྱི་ཕན་འབྲས་མི་ཐོན།

ཀྲའེ་ཅ་ཡིས་བསམ་འཆར་བཏོན་པ་ལྟར་ན། ཆམ་རིམས་ཕོག་པའི་ནད་པས་སྨན་པའི་མཛུབ་སྟོན་འོག་སྨན་བཅོས་བྱེད་པ་དང་ངལ་གང་ལེགས་གསོ་བ། འཚོ་བཅུད་དོ་སྙོམས་ཡོང་བར་བྱེད་པ། ཆུ་མང་ཙམ་འཐུང་བ། འཇུ་སླ་བའི་ཟས་རིགས་ཟ་བ་བཅས་བྱ་དགོས་ཤིང་། ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་གིས་ནད་པ་ཁྱིམ་མི་ལས་ལོགས་སུ་དགར་དགོས། གལ་ཏེ་ལོགས་བཀར་བྱེད་མི་ཐུབ་ན། ཁ་རས་བརྒྱབ་ནས་འགོག་སྲུང་ཡག་པོ་བྱ་དགོས། གཞན་ཡང་ཁོར་ཡུག་གི་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ་ཁང་བའི་སྒེའུ་ཁུང་དུས་ཐོག་ཏུ་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས། 

ཆེད་མཁས་པས་གསལ་འདེབས་བྱས་པ་ལྟར་ན། ལོ60ཡན་གྱི་རྒན་རྒོན་དང་། དལ་ནད་ཕོག་པའི་ནད་པ། བྱིས་པ། སྦྲུམ་མ་སོགས་མི་ཚོགས་ལ་ཆམ་རིམས་ཕོག་རྗེས་ནད་ལྕི་མོ་འབྱུང་བའི་ཉེན་ཁ་ཆེ་བ་ཡིན། གོང་གསལ་གྱི་མི་ཚོགས་ལ་ཆམ་རིམས་མཆེད་པའི་དུས་ཚིགས་སུ་ཚ་བ་རྒྱས་སྐབས། དེ་གཙིགས་སུ་བཟུང་ནས་སྨན་བཅོས་བྱ་དགོས། གལ་ཏེ་ཆམ་རིམས་ནད་དུག་འགོས་པ་ངོས་འཛིན་བྱས་ན། སྔ་ཙམ་ནས་ནད་དུག་འགོག་པར་སྨན་བཅོས་བྱ་དགོས། གལ་ཏེ་འགོག་སྨན་རྒྱག་མི་ཆོག་པའི་ནད་མེད་ན། ཆམ་རིམས་ཚབས་ཆེན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ཆམ་རིམས་དུས་ཚིགས་མ་བསླེབས་གོང་། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་བརྒྱག་དགོས།


སྐབས་སྔོན་མ། ཞར་བྱུང་སྦྱོར་ཚད།
སྐབས་རྗེས་མ། མེད།
མཉམ་སྤྱོད།