དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱུན་མཐོང་གི་རྩྭ་སྨན་འགའི་ཉར་ཐབས།

2024-08-12 17:41:21   |   188

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


འཕང་འབྲས།

 རྒྱུན་སྤྱོད་ཀྱི་འཕང་འབྲས་ལ་མངར་ཆ་མང་བས། བརླན་དང་སྣུམ་གྱིས་ཟིན་སླ་ལ་འབུ་འདེབས་པ་དང་རུལ་ཡང་སླ། དེ་མིན་དེའི་གྲུབ་ཆའི་ནང་གི་མདོག་རྫས་ཀྱང་བརྟན་པོ་མིན་པས་མདོག་འགྱུར་སླ་བས། དེ་ནི་རྩྭ་སྨན་ནང་གི་ཉར་ཚགས་བྱེད་དཀའ་བའི་རིགས་སུ་གཏོགས། ཡིན་ནའང་། འཕང་འབྲས་ཀྱི་ཐོག་ལ་ཆང་བཅུད་གཏོར་ནས་སྙོམས་པར་དཀྲུགས་པ་དང་། དེ་ནས་དུག་མེད་འགྱིག་ཐུམ་གྱིས་བཏུམས་ནས་ནང་གི་དབུགས་བླངས་རྗེས་ཁ་སྡོམ་དགོས། ཉར་ཚགས་བྱེད་ཐབས་དེས་འབུ་འགོག་ཐུབ་པར་མ་ཟད་ཁ་དོག་ཀྱང་སྲུང་འཛིན་བྱེད་ཐུབ། ཡང་ན་འཕང་འབྲས་འཁྱག་སྒམ་དྲོད་ཚད0℃ནས4℃ཡི་ནང་དུ་ཉར་ཆོག

དཀར་པོ་ཆིག་ཐུབ། 

དཀར་པོ་ཆིག་ཐུབ་ལ་རིགས་ཤིན་ཏུ་མང་ལ། ནང་དུ་མངར་ཆའི་རིགས་དང་། འབྱར་བག་རྫས་དང་སྣུམ་རིགས་སོགས་ཅུང་མང་བས། བརླན་དང་སྣུམ་གྱིས་ཟིན་སླ་ལ། རུལ་བ་དང་མདོག་འགྱུར་བ་དང་འབུ་འདེབས་པ་སོགས་འབྱུང་སླ། སྐམ་ཐག་ཆོད་པའི་དཀར་པོ་ཆིག་ཐུབ་ནི་འགྱིག་ཐུམ་ལ་མཁའ་དབུགས་མེད་པར་བྱས་ཏེ་འཇུག་པ་དང་། བསིལ་སར་ཉར་ཚགས་བྱས་པས་ཆོག  དེ་མིན་འགྱིག་ཐུམ་གྱི་ཁ་དམ་པོར་བསྡམས་ནས་འཁྱག་སྒམ་ནང་དུ་ཉར་ནའང་དུས་ཡུན་རིང་པོར་ཉར་ཐུབ།

ར་མོ་ཤག་ཆེན།

 སེམས་བདེ་བར་བྱེད་པའི་ནུས་པ་དང་ལྡན་པའི་ར་མོ་ཤག་ཆེན་རུལ་སླ་ལ་འབུ་འདེབས་སླ་བས། བརླན་མེད་སར་དམ་སྦྱར་གྱིས་ཉར་འོས། སྐམ་ས་དང་རླུང་རྒྱུ་སར་བཞག་སྟེ་བརླན་གྱིས་མི་ཟིན་པ་དང་རུལ་བར་མི་འགྱུར་བ་བྱེད་དགོས། དུས་མཚུངས་སུ། ལོ་རེའི་འབུ་སྲིན་རྒོད་དུས་མ་སླེབས་པའི་སྔོན་དུ(ཟླ3པ་ནས4བ)ཉི་མར་ཡང་ཡང་ལྡེ་ནས་འབུ་འགོག་དགོས།

མེ་ཏོག་གི་རིགས།

 རྒྱུན་པར་ཆུ་ཁོལ་ལ་སྦངས་ནས་བཏུང་བའི་ལུག་མིག་མེ་ཏོག་དང་འཕང་མའི་མེ་ཏོག་སོགས་མེ་ཏོག་གི་རིགས་ལ་སྣུམ་རིགས་ཀྱི་གྲུབ་ཆ་ཡོད་པས། མདོག་འགྱུར་བ་དང་འབུ་འདེབས་སླ། དུས་ཡུན་རིང་པོར་ཁ་དམ་སྦྱར་གྱི་སྣོད་དུ་བཅུག་ནས། བསིལ་ཞིང་སྐམ་པའི་གནས་སུ་འོད་མི་ཕོག་པར་བྱེད་དགོས།

དབྱར་རྩྭ་དགུན་འབུ།

 གལ་ཏེ་ཚད་ཤིན་ཏུ་ཉུང་ལ། ཉར་ཚགས་བྱ་ཡུན་ཤིན་ཏུ་ཐུང་ན། གཡེར་མ་དང་མཉམ་དུ་ཤེལ་དམ་དུ་ཁ་སྦྱར་ནས་བཅུག་རྗེས། འཁྱག་སྒམ་དུ་ཉར་ཆོག་པ་ཡིན། གཞན་དུ་ཆང་དཀར་ཏུའུ་ཚད་མཐོན་པོ་ཉུང་ཙམ་ཐོག་ལ་གཏོར་ནས་སྣོད་དམ་སྦྱར་དུ་ཉར་ཆོག  དབྱར་རྩྭ་དགུན་འབུ་དུས་ཡུན་རིང་པོར་ཉར་ཚགས་བྱ་མི་རིགས། ཡུན་རིང་འགོར་ན་སྨན་ནུས་ཤོར་འགྲོ་བ་ཡིན།

ཤ་བོའི་ཁྲག་རྭ།

 ཁྲག་རྭ་ནི་རླུང་རྒྱུ་སའི་གནས་སུ་འཇོག་དགོས་ལ། ལོགས་སུ་གཡེར་མ་གཅུད་པའི་རས་ཐུམ་ཞིག་བཞག་ན་བཟང་། དེ་མིན་ཆང་དཀར་ཏུའུ་ཚད་མཐོན་པོ་ཉུང་ཙམ་གཏོར་ནས་སྣོད་དམ་སྦྱར་དུ་ཉར་ཆོག  གལ་ཏེ་ཉར་ཚགས་བྱས་པ་བཟང་ན། ཁྲག་རྭའི་ནུས་པ་ལོ3ནས5ཡི་བར་དུ་མི་ཉམས་པ་ཡིན། །


མཉམ་སྤྱོད།