དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཆིན་ཚིལ་ནད་པས་ལུགས་མཐུན་གྱི་བཟའ་བཏུང་ཇི་ལྟར་བསྟེན་དགོས་སམ།

2024-10-12 14:31:24   |   400

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


1.jpg

ང་ཚོའི་འཚོ་བའི་ཆུ་ཚད་ཡར་རྒྱས་ཕྱིན་པ་དང་བསྟུན་ནས།  མཆིན་ཚིལ་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད།  འོ་ན།  མཆིན་ཚིལ་ནད་པས་ལུགས་མཐུན་གྱི་བཟའ་བཏུང་ཇི་ལྟར་བསྟེན་དགོས་སམ། 

01.སྤྱིའི་ནུས་ཚད་བསྡུ་ལེན་བྱེད་ཚད་ལ་ཚོད་འཛིན་པ། 

ལུས་པོ་རྒྱགས་པ་དང་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བའི་མཆིན་ཚིལ་ནད་པས་སྤྱིའི་ནུས་ཚད་བསྡུ་ལེན་བྱེད་ཚད་ལ་ཚོད་འཛིན་བྱ་དགོས་ཤིང་།  ལྷག་པར་དུ་ཐཱན་ཆུ་འདྲེས་འགྱུར་རྫས་ཀྱི་གྲངས་འབོར་ལ་ཚོད་འཛིན་བྱ་དགོས། ལུས་ནང་གི་ཚིལ་དབྱང་འགྱུར་འཛད་གྲོན་བྱེད་པར་སྐུལ་འདེད་བཏང་ན།  མཆིན་ཚིལ་གྱི་ནད་རྟགས་ལེགས་བཅོས་བྱེད་པར་ཕན་པ་སྟེ།  ལུས་པོའི་ལྗིད་ཚད་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་ཕབ་རྗེས།  ལྗིད་ཚད་དེ་ཉིད་རྒྱུན་འཁྱོངས་བྱེད་ཐུབ་པའི་ནུས་ཚད་མ་གཏོགས་མི་བསྡུ་བ། 

ནུས་ཚད་དམའ་ཞིང་ཤོང་ཚད་མཐོ་བའི་བཟའ་བཅའ་སྟེ།  ལྦ་གཅོད་དང་ཤ་མོ།  ལ་ཕུག་སོགས་མང་ཙམ་ཟོས་ཆོག ཟ་མའི་སྔོན་ལ་སིལ་ཏོག་བཟའ་བའམ་དགུན་ཀུབ་ཀྱི་ཁུ་ཐང་དང་ལྡུམ་སྒོང་ཁུ་ཐང།  སྔོ་ཚལ་ཁུ་ཐང་།  སྨུག་ཚལ་ཁུ་ཐང་སོགས་ཞག་ཚིལ་ཉུང་བའི་ཁུ་ཐང་འཐུང་ཆོག  ཟས་ཐུན་རེར་ཕོ་བའི་བཅུ་ཆའི་བདུན་ཙམ་རྒྱགས་རྗེས་ཟ་མཚམས་འཇོག་དགོས། 

02.འཚོ་བཅུད་སྙོམ་སྒྲིག་ལ་དོ་སྣང་བྱེད་པ།

རྩིང་འབྲུའི་རིགས་ཀྱིས་རྒྱགས་ཚོར་སྟེར་སླ་བས།  ཉིན་རེའི་ཟས་ཐུན་གསུམ་ལ་བྲ་བོ་དང་མ་རྨོས་ལོ་ཏོག ཁྲེ་སོགས་རྩིང་འབྲུའི་རིགས་འོས་འཚམ་སྣོན་འོས།  སྤུས་ལེགས་སྤྲི་དཀར་རྒྱུ་ཡིས་མཆིན་པའི་ནང་དུ་ཚིལ་གསོག་པ་ཚབས་ཆེར་མི་གཏོང་བས།  སྤུས་ལེགས་སྤྲི་དཀར་རྒྱུ་དང་དབྱང་རྨང་རྫས་འདུས་པའི་བཟའ་བཅའ་སྟེ་ཤ་སྣག་དང་ཉ།  ཆུ་འབུ་གློ་ཉལ།  སྣུམ་བཏོན་འོ་མ།  སྒོ་ང་།  སྲན་བཟོས་བཟའ་བཅའ་སོགས་བཟའ་འོས། གཞན་ཚི་སྣའི་འདུས་ཚད་མཐོ་བའི་བཟའ་བཅའ་སྟེ་སྔོ་ཚལ་སོགས་ཀྱང་མང་ཙམ་བཟའ་འོས། 

03.ནུས་ཚད་མཐོ་བའི་བཟའ་བཅའ་ཟ་ཚད་ཇེ་ཉུང་ལ་གཏོང་བ། 

ཤ་ཚོན་པོ་དང་སྣུམ་མང་བའི་སྤྲི་ཀོར་སོགས་ཟས་ན་མི་བཟང་ཞིང་།  ཟ་མ་ལས་དུས་སྣུམ་བརྔོས་དང་སྣུམ་བཙོས།  སྣུམ་སྲེག  དུ་བ་བདུག་པ།  བསྙལ་བ་སོགས་ཀྱི་གཡོས་སྦྱོར་བྱེད་སྟངས་མང་མི་རུང་། རླངས་བཙོས་དང་ཆུ་བཙོས་སོགས་བྱ་འོས་ཏེ།  གཡོས་སྦྱོར་བྱེད་སྟངས་འདི་དག་གིས་བཟའ་བཅའི་འཚོ་བཅུད་རིན་ཐང་ཉར་སྲུང་བྱེད་ཐུབ། 

04.ལས་སྣོན་གཏིང་ཟབ་བྱས་པའི་བཟའ་བཅའ་ཉུང་བཟའ་བྱེད་པ། 

ལས་སྣོན་གཏིང་ཟབ་བྱས་པའི་བཟའ་བཅའ་སྟེ།  སྟབས་ཐུག་དང་གོ་རེ་སྣུམ་ལྕུག  བརྒྱུས་ཤ  ཤ་སྐམ།  ཤ་བསྙལ་མ་སོགས་ཀྱི་ནུས་ཚད་དང་ཚིལ་འདུས་ཚད།  ཕུ་རོན་འདུས་ཚད་བཅས་མཐོ་བས།  ཉུང་ཙམ་བཟའ་འོས། 

05.ཀ་རའི་འདུས་ཚད་ཚད་ལས་མི་བརྒལ་བ། 

《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་ཕྱོགས་སྟོན(2022)》ལྟར་ན།  མི་དར་མས་ཉིན་རེར་ཀ་ར་ཟ་ཚད་ཁེ50ལས་བརྒལ་མི་རུང་ཞིང་།  རབ་ཡིན་ན་ཁེ25ཡི་མན་ཡིན་དགོས།  དུས་ཡུན་རིང་བོར་ཀ་ར་དང་ནུས་ཚད་བསྡུ་ལེན་བྱེད་ཚད་ཚད་ལས་བརྒལ་ན་རྒྱགས་པ་ཆགས་པ་དང་།  གཤེར་མའི་ཕུང་རྩིའི་ཚོར་སྐྱེན་རང་བཞིན་ལ་གནོད་སྐྱོན་ཕོག་པ།  མཆིན་ཚིལ་སྐྱེད་པ་སོགས་བྱེད།  དེ་བས།  བཏུང་བ་སྣ་ཚོགས་ལ་ཚོད་འཛིན་བྱ་དགོས་ཤིང་།  ཀ་རའི་འདུས་ཚད་མཐོ་བའི་བཟའ་བཅའ་ཟ་བར་དེ་བས་ཚོད་འཛིན་བྱ་དགོས། 


མཉམ་སྤྱོད།