དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་ན་གོམ་འགྲོས་ལ་ཚོད་འཛིན་བྱ་དགོས།

2024-12-16 15:24:02   |   62

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟ་མ་ཟོས་ཚར་རྗེས།  ལམ་སང་འཆམ་འཆམ་དུ་འགྲོ་མི་འོས།  གལ་ཏེ་ཟ་མ་ཟོས་རྗེས་འཆམ་འཆམ་བྱེད་སྐབས་འགྲོ་སྟངས་མ་འགྲིག་ཚེ།  ཟས་འཇུ་བ་ལ་གནོད་པར་མ་ཟད།  ད་དུང་ལུས་པོའི་ཁུར་བོ་ཇེ་ལྕི་ལ་གཏོང་ཡང་སྲིད།

ཟ་མ་ཟོས་རྗེས་རབ་ཡིན་ན་སྔོན་ལ་ཆུ་ཚོད་ཕྱེད་ཀ་ཙམ་དུ་ངལ་གསོ་བྱས་རྗེས་ད་གཟོད་ཕྱི་ལ་འགྲོ་འོས་ཏེ།  རྒྱུ་མཚན་ནི་ཕོ་བ་ལྟོས་བཅས་ཀྱིས་རྒྱགས་པའི་དུས་སུ་འཇུ་བྱེད་རྩབས་མང་ཙམ་ཟགས་ཐོན་བྱས་ཏེ་ཟ་མ་དང་འདྲེས་སྦྱོར་བྱས་ནས་ཐོག་མར་འཇུ་དགོས་ཤིང་།  སྐབས་འདིར་ཕོ་རྒྱུ་ལ་ངེས་པར་དུ་ཁྲག་འདང་ངེས་མཁོ་སྤྲོད་བྱ་དགོས།  ཟ་མ་ཟོས་རྗེས་ངལ་གསོ་ཅུང་ཙམ་བྱས་ན།  ཕོ་བ་དང་རྒྱུ་མར་ཁྲག་མཁོ་སྤྲོད་བྱེད་ཚད་སྔར་ལས་མང་བར་ཁག་ཐེག་བྱས་ཏེ།  ཕོ་བའི་ནང་གི་ཟས་རིགས་ལེགས་པར་འཇུ་ཐུབ།    

ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་བར་གོམ་འགྲོས་ལ་ཚོད་འཛིན་ལེགས་པོ་བྱ་དགོས་ཏེ།  སྐར་མ་གཅིག་གི་ནང་དུ་གོམ་པ90དང་།  སྐར་ཆ་གཅིག་གི་ནང་དུ་གོམ་པ1ནས2ཙམ་སྤོ་དགོས་ལ།  དུས་ཡུན་སྐར་མ10ནས30བྱས་ན་བཟང་།  ལུས་ཀྱི་ཁྲག་རྒྱུན་ནི་ལུས་པོའི་དགོས་མཁོ་ལྟར་བགོ་བཤའ་བྱེད་བཞིན་ཡོད་པས།  གལ་ཏེ་གོམ་པ་མགྱོགས་དྲགས་ན།  ཁྲག་མང་པོ་འགུལ་སྐྱོད་མ་ལག་གི་ཁྲོད་དུ་བགོས་ནས་འཇུ་སྟོབས་ལ་ཤུགས་རྐྱེན་ཐེབས་པ་དང་།  ཕོ་བ་དང་རྒྱུ་མ་ལ་མི་བདེ་བ་བཟོ་བར་མ་ཟད།  ཚབས་ཆེ་ན་ཕོ་བའི་ནད་སློང་ཡང་སྲིད།  ལྷག་པར་དུ་རྒན་པ་རྣམས་ལ་སྙིང་དང་གློ་བའི་ནུས་པ་ཉམས་པ།  ཁྲག་རྩ་སྲ་འགྱུར།  ཁྲག་ཤེད་ལྡོག་འཕྲོའི་སྙོམས་སྒྲིག་ནུས་པར་འགལ་རྐྱེན་འབྱུང་བ་སོགས་བྱེད་ཅིང་།  ཟ་མ་ཟོས་རྗེས་ཁྲག་ཤེད་མར་འབབ་པའི་གནས་ཚུལ་འབྱུང་།  གཞན་འགྲོ་དུས་འཚུབ་ཆ་ལངས་ཚེ།  འཇུ་ལམ་གྱིས་འཚོ་བཅུད་བསྡུ་ལེན་བྱེད་པར་གནོད་པ་ཡིན།

དམིགས་བསལ་མི་ཚོགས་ཀྱིས་འཆམ་འཆམ་དུ་འགྲོ་སྐབས་དེ་བས་ཀྱང་དོ་སྣང་བྱ་དགོས་ཏེ།  དལ་གཤིས་ཕོ་བའི་གཉན་ཚད་དང་ཕོ་བ་ཟགས་རལ་ནད་པ་ཟ་མ་ཟོས་རྗེས་ལམ་སང་འཆམ་འཆམ་དུ་ཕྱིན་ན།  ཕོ་བ་དང་རྒྱུ་མའི་འགུལ་སྐྱོད་ཚད་ཇེ་ཆེར་གྱུར་ཏེ་ཟ་མས་ཕོ་བའི་ངོས་ལ་གནོད་པ་བཟོ་སྲིད་པས།  ཕོ་བའི་འབྱར་སྐྱི་སླར་སོས་པ་ལ་མི་ཕན།  མི་ཚོགས་དེའི་རིགས་རབ་ཡིན་ན་ཟ་མ་ཟོས་རྗེས་ཀྱི་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་འཆམ་འཆམ་ལ་སོང་ན་བཟང་།  ཕོ་བ་ཐུར་འཕྱང་ནད་པས་ཟ་མ་ཟོས་རྗེས་ལམ་སང་འགུལ་སྐྱོད་བྱས་ཚེ།  ཕོ་བའི་འདར་འགུལ་ཇེ་དྲགས་དང་ཕོ་རྒྱུའི་ཁུར་བོ་ཇེ་ལྕིར་སོང་ནས་ནད་གཞི་སྔར་ལས་ཚབས་ཆེན་དུ་འགྱུར་སྲིད།  


སྐབས་སྔོན་མ། སྙིང་གཟེར།
སྐབས་རྗེས་མ། སྙིང་རྩ་འགགས་པའི་ནད།
མཉམ་སྤྱོད།