དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱུར་གཤིས་གློ་ཡུའི་ཡན་ལག་ཚ་ནད།

2025-01-08 08:55:59   |   766

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མྱུར་གཤིས་གློ་ཡུའི་ཡན་ལག་ཚ་ནད་དང་གློ་ཚད་ཀྱི་ནད་པ་ནི་གློ་ཡུའི་འབྱར་སྐྱིའམ་གློ་བ་དངོས་ལ་ཁྲག་གིས་ཁེངས་པའི་རྐྱེན་གྱིས་ཁྲག་རྩ་ཕྲ་མོའི་བརྒྱུད་བརྟོལ་རང་བཞིན་ཆེ་རུ་ཕྱིན་ཞིང་རྡོལ་བ་ལས་ཁྲག་ལུ་བ་ཡིན།

ནད་རྟགས།

མང་ཆེ་བར་ལུས་འཁྱགས་པའི་ལོ་རྒྱུས་ཡོད། ནད་མགོ་མྱུར་དུ་ལྡང་བ་དང་། ལྡང་བའི་སྐབས་སུ་གྲང་ཤུམ་བྱེད་པ་དང་། ཚ་བརྒྱག་པ། གློ་ལུ་བ། རྣག་ལུ་བ་མ་ཟད་ནད་པ་ཁ་ཤས་ལ་ཁྲག་ལུ་བའི་ནད་རྟགས་འབྱུང་བ་ཡིན།

སྔོན་འགོག

གློ་ནད་གསར་རྙིང་གང་ཡིན་རུང་། ཆང་སྐྱུར་དང་སྐྱུར་བོ། ལུག་ཤ་རྙིང་བ། བཅུད་ཅན་གྱི་ཟས་དང་རྒྱ་ཚྭ་དང་རྒྱམ་ཚྭ་སོགས་ཚྭའི་རིགས་དང་། མར་རྙིང་སོགས་གནོད་པས་སྤང་དགོས།

གསོ་ཐབས།

1 ནད་འདིར་ཁྲག་མང་དུ་ལུ་བ་སྤྱིར་བཏང་མཐོང་རྒྱུ་ཉུང་། ཕལ་ཆེ་བ་ནི་ལུད་པར་ཁྲག་འདྲེས་པ་ཡིན། འདི་ལ་ཁྱད་པར་གྱི་གསོ་བཅོས་བྱེད་མི་དགོས།

2 ནད་པས་ངལ་གསོ་བ་དང་ཆུ་མང་དུ་འཐུང་དགོས།

3 ནད་རྒྱུ་ལྟར་གསོ་བཅོས་བྱེད་དགོས། རེད་པའི་ཚད་བཞིན་འོས་འཚམ་གྱི་སྲིན་འགོག་སྨན་རྫས་ཁོང་དུ་བསྟེན་པའམ་གཏིག་ཁབ་ཀྱིས་གསོ་དགོས། དཔེར་ན། མདུན་སྐྱོད་ཧམ་རྒྱུ་ཐེངས་རེར་ལེབ་མོ1ནས2(ལེབ་མོ་རེ་ལ་ཁེ0.25)དང་། ཉིན་གཅིག་ལ་ཐེངས3རེ་དང་། ཡང་ན་དུང་འཁྱིལ་ཧམ་རྒྱུ(螺旋霉素)ཐེངས་རེར་ལེབ་མོ1ནས2(ལེབ་མོ་རེ་ལ་ཁེ0.2)དང་། ཉིན་གཅིག་ལ་ཐེངས3རེ་བསྟེན་དགོས།

4 དཔེར་ན་གློ་ལུ་དྲག་ཏུ་འབྱུང་ཡང་ལུད་པ་མེད་པའི་སྐབས་སུ་ལུད་པ་གཙང་འདྲེན་ལེབ་མོ་ཐེངས་གཅིག་ལ་ལེབ་མོ1ནས2(ལེབ་མོ་རེ་ལ་ཁེ0.2)རེ་ཉིན་གཅིག་ལ་ཐེངས3རེ་བསྟེན་ཆོག ལུད་པ་སྐ་ལ་འགོག་མི་ཐུབ་པའི་སྐབས་སུ་མོའུ་ཧྲུའུ་ཐན(沐舒坦)ཐེངས་རེར་ཧོའོ་ཁེ30ནས60ཉིན་རེར་ཐེངས3རེ་བསྟེན་དགོས།

5 ཚ་དྲོད་མཐོ་བ་རྣམས་ལ་ཨ་སི་ཕི་རིན་ལེབ་མོ1(0.3)རེ་འམ་ཡང་ན་ཕ་ར་སེ་ཐ(扑热息痛)ཁེ0.5རེ་བསྟེན་ཆོག དགོས་ངེས་ཀྱི་སྐབས་སུ་དུས་ཚོད4ནས6གི་ནང་ཡང་བསྐྱར་བསྟེན་ཆོག

6 གལ་ཏེ་ནད་ཚབས་ལྕི་བ་དང་ཡང་ན་གོང་གི་གསོ་ཐབས་དེ་དག་གིས་བདེ་བསྐྱེད་མེད་ན། མཐའ་འཁོར་གྱི་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས།

7 བོད་ལུགས་གསོ་རིག་ལྟར་ན། སྨན་ལ་འཕྲུལ་ཐང་དང་སྲོ་ལོ་བཞི་ཐང་། ཙན་དན་བརྒྱད་པ། གློ་ཚད་ཀུན་སེལ། འཁྲུགས་གློ་ཀུན་སེལ། གཙོ་བོ་ཉེར་ལྔ། གི་ཙན། གཙོ་ཁྱུང་།(གཙོ་བོ་བརྒྱད་པ་དང་ཁྱུང་ལྔ་མཉམ་བསྲེས)སྤང་རྩི་བཅུ་གཉིས་སོགས་རྒྱུན་སྤྱོད་སྨན་སྦྱོར་སྤྱི་དང་། ཐོག་མར་གྲང་ཤུམ་ལངས་པ་དང་ཚ་བ་རྒྱག་པ། གློ་ལངས་པ་བཅས་ཀྱི་སྐབས་སུ་འཕྲུལ་ཐང་དང་གཙོ་བོ་བརྒྱད་པ། གློ་ཚད་ཀུན་སེལ་སོགས་གཏོང་བ་དང་། ཚ་བ་ཆེན་པོ་བརྒྱག་པ་དང་། གློ་ལངས་ནས་ལུད་པས་དབུགས་བཀག་ནས་རྩིབ་གཟེར་རྒྱག་སྐབས་གཙོ་ཁྱུང་དང་གཙོ་བོ་ཉེར་ལྔ་ལྟ་བུ་གཏོང་དགོས།


མཉམ་སྤྱོད།