དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚན་རིག་དང་མཐུན་པའི་ངང་ས་ཡོམ་གྱི་ཉེན་ཁར་གཡོལ་ཐབས།

2025-01-10 14:54:49   |   722

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


དང་པོ། ས་ཡོམ་མ་བྱུང་གོང་ལ་ཉེན་གཡོལ་གྲ་སྒྲིག་ཇི་ལྟར་བྱེད་དམ།  

ཚན་རིག་དང་མཐུན་པའི་ངང་ས་ཡོམ་གྱི་ཉེན་ཁར་གཡོལ་བ་ལ་ཐོག་མར་ཉེན་གཡོལ་གོམས་གཤིས་ཡག་པོ་ཞིག་ཆགས་སུ་འཇུག་དགོས་ཏེ།

ཉིན་རྒྱུན་གྱི་འཚོ་བ་དང་སློབ་སྦྱོང་། བྱ་བ་སྒྲུབ་སྐབས་སོགས་སུ་རང་ཁྱིམ་དང་གཞུང་སྒྲུབ་ཁོར་ཡུག་གི་ས་ཡོམ་གནོད་འཚེའི་མངོན་མེད་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་ལ་ངོས་འཛིན་དང་དབྱེ་ཞིབ་བྱ་དགོས་ཤིང་། ལྷག་པར་དུ་འགྱེལ་སླ་བའི་ཁྱིམ་ཆས་ཆེ་གྲས་དང་མཐོ་སར་བཀལ་བའི་དངོས་པོ། གནས་ས་བརྗེས་ན་སྐྱོན་ཤོར་སླ་བའི་འབར་རླངས་སྦུ་གུ་དང་གློག་སྐུད། ལས་ཚོགས་དང་སློབ་གྲྭར་འགྲོ་བའི་ལམ་ཁར་ཡོད་པའི་བསྒྲགས་བྱང་དང་འཆར་ཤེལ་ཆེ་གྲས་སོགས་ལ་གཟབ་དགོས། 

རྒྱུ་མཚན་ནི་རིམ་པ7ཅན་གྱི་ས་ཡོམ་གྱིས་འཛུགས་སྐྲུན་དངོས་པོ་ཡོངས་སུ་མི་རྡིབ་ཀྱང་སྲིད། འོན་ཀྱང་འཆར་ཤེལ་སོགས་ལ་གས་ཆག་འབྱུང་སླ་བས། འོག་ནས་སོང་ཚེ་ཉེན་ཁ་ཧ་ཅང་ཆེ། 

ཁྱིམ་གྱི་མངོན་མེད་ཉེན་ཁའི་རྒྱུ་རྐྱེན་ལས་སེལ་ཐུབ་པ་རྣམས་སེལ་བ་དང་། སྲ་བརྟན་དུ་གཏོང་དགོས་པ་རྣམས་སྲ་བརྟན་དུ་གཏོང་དགོས། ལམ་དུ་འགྲོ་སྐབས་ཀྱང་ས་ཡོམ་བྱུང་ཚེ་གང་དུ་འབྲོ་འོས་པ་དང་གང་གི་འོག་ཏུ་འབྲོ་མི་རུང་བ་སོགས་ཤེས་དགོས། མི་ཚང་མས་རང་འགུལ་ངང་ཉེ་འཁོར་གྱི་མངོན་མེད་ཉེན་ཁ་ལ་ངོས་འཛིན་དང་གཡོལ་ཐབས་བྱས་ཏེ། བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས། 

འཚུབ་ཟློག་ཉེན་གཡོལ་ལེགས་འགྲུབ་འབྱུང་དགོས་ཚེ། ང་ཚོས་འཚོ་བའི་ཁྲོད་དུ་ས་ཡོམ་སྔོན་གྱི་ཉེན་གཡོལ་གྲ་སྒྲིག་ཚགས་སུ་ཆུད་པ་བྱ་དགོས། འདི་ལྟར་བྱས་ཚེ་ད་གཟོད་ས་ཡོམ་དངོས་སུ་བྱུང་སྐབས་ཡང་དག་པའི་ཉེན་གཡོལ་བྱེད་ཐུབ། 

སློབ་གྲྭ་དང་ལས་ཚོགས་སུ་འགྲོ་སྐབས། ཉེན་གཡོལ་ལྷོད་གཏོང་ཁུལ་དང་ཉེན་གཡོལ་སྐབས་ཀྱི་ཁ་འགྲེམ་ལམ་ཐིག་སྟེ། ཕྱོགས་གང་སར་འབྲོ་བ་དང་རང་ཁྱིམ་གྱི་གནས་གང་ཞིག་བདེ་འཇགས་ཡིན་པ། སློབ་གྲྭའི་གནས་གང་ཞིག་བདེ་འཇགས་ཡིན་པ། བྱ་བ་སྒྲུབ་སའི་གནས་གང་ཞིག་བདེ་འཇགས་ཡིན་པ་སོགས་ལ་གསལ་བོར་བལྟས་ཏེ། རང་ཉིད་ལ་འཚམ་པའི་ཉེན་གཡོལ་ཇུས་གཞི་ཞིག་བཟོ་དགོས། 

གཞན་ད་དུང་སྔ་མོ་ནས་ཡང་དང་བསྐྱར་དུ་ས་ཡོམ་ཉེན་གཡོལ་བྱེད་ཐབས་འཁྲབ་སྦྱོང་བྱས་ཏེ་ཁོང་དུ་ཆུད་པར་བྱ་དགོས། 

གཉིས་པ། ས་ཡོམ་དངོས་སུ་བྱུང་སྐབས་འཚུབ་ཟློག་ཉེན་གཡོལ་ཇི་ལྟར་བྱེད་དམ། 

རང་རྒྱལ་ནི་ས་ཡོམ་གྱི་གནོད་འཚེ་ཅུང་ཚབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ས་ཡོམ་གྱི་ཁྲག་དྲི་བྲོ་བའི་བསླབ་གཅུན་ཁྲོད་ནུས་ལྡན་གྱི་ཉེན་གཡོལ་བྱེད་ཐབས་འགའ་ཕྱོགས་བསྡོམས་བྱས་ཡོད། 

དཔེར་ན་ཐང་ཧྲན་ས་ཡོམ་ལས་ང་ཚོས“ས་ཡོམ་འབྱུང་བཞིན་པའི་སྒང་ལ་ཉེ་སར་བསྐུང་དགོས་པ་དང་ས་ཡོམ་བྱུང་ཚར་རྗེས་ལམ་སང་འབྲོ་དགོས་པའི”བྱེད་ཐབས་ཕྱོགས་བསྡོམས་བྱས་པ་དང་། ཝིན་ཁྲོན་ས་ཡོམ་ཁྲོད་དུ་ང་ཚོར“འབྲོ་ཐུབ་ན་འབྲོ་བ་དང་འབྲོ་མི་ཐུབ་ན་བསྐུང་དགོས་པའི”ཉམས་མྱོང་ཐོབ་ཡོད། ད་དུང་ཡོམ་ཚོར་དྲགས་པའི་ས་ཡོམ་ཁ་ཤས་བརྒྱུད་དེ“ཐོག་ཁང་ནས་ལྡིང་མི་རུང་བ་དང་། རྨོངས་འཐོམས་ཀྱིས་སྒོ་ཕྱིར་འབྲོ་མི་རུང་བ”ཤེས་ཡོད། 

ས་ཡོམ་ལ་གཡོལ་སྐབས་ང་ཚོས་གཤམ་གྱི་རྩ་དོན་འདི་དག་བརྩི་སྲུང་བྱ་འོས་ཏེ། 

གཅིག ཡུལ་བབ་དང་བསྟུན་པ། རང་གནས་སའི་ཁོར་ཡུག་དང་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ཉེན་གཡོལ་བྱེད་ཐབས་འོས་འཚམ་འདེམས་པ། 

གཉིས། བློ་ཐག་རྦད་ཆོད་བྱེད་པ། འཚུབ་ཆ་མི་ལངས་པར་སེམས་ལྷོད་ལ་འབབ་ཅི་ཐུབ་ཀྱིས་ཇུས་གཞི་ལྟར་འགུལ་སྐྱོད་བྱེད་པ། 

གསུམ། མགྱོགས་པོར་མི་ཚོགས་མང་ས་དང་ཁ་བྲལ་ཏེ། རྡོག་རྫིས་དང་འཚང་ཁ་བརྒྱབ་ནས་དགོས་མེད་ཀྱི་ཤི་རྨས་འབྱུང་བ་ལ་གཡོལ་བ། 

ས་ཡོམ་ཉེན་བརྡའི་ཆ་འཕྲིན་ལ་ས་ཡོམ་སྐབས་ཀྱི་ཆ་འཕྲིན་དང་ས་ཡོམ་རིམ་པ། ས་ཡོམ་འབྱུང་བའི་དུས་ཚོད། ཡོམ་རླབས་ཐོན་པའི་དུས་ཚོད་སོགས་འདུས་པར་མ་ཟད། ད་དུང་ཆེས་གལ་ཆེ་བ་ཞིག་ལ་ཁྱོད་རང་ཡོད་སའི་ས་གནས་དེའི་ས་ཡོམ་དྲག་ཚད་ཀྱི་སྔོན་དཔག་ཆ་འཕྲིན་ཡང་གསལ་བོར་ཡོད། 

དྲག་ཚད་རིམ་པ5ཡི་ཡན་ཆད་ནི་དབྱེ་མཚམས་ཤིག་ཡིན་ལ། རིམ་པ5ཡི་ཡན་ཡིན་ན་སྐུང་ཐུབ་ཚེ་སྐུང་བ་དང་། རིམ་པ5ཡི་མན་ཡིན་ན་འབྲོ་མི་དགོས། རིམ་པ5ཞེས་པ་ནི་གྱང་ངོས་སུ་བཀལ་བའི་དངོས་པོ་མར་ལྷུང་ནའང་། ཁང་པ་མི་རྡིབ་པའི་ཚད་ལ་ཟེར། 


སྐབས་སྔོན་མ། གློ་རྣག
སྐབས་རྗེས་མ། ​གློ་བའི་ཁྲག་འཆག
མཉམ་སྤྱོད།