དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཁྲིས་སྣོད་ཚ་ནད།

2025-01-22 09:47:50   |   1145

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མཁྲིས་སྣོད་ཚ་ནད་ཟེར་བ་ནི་མཁྲིས་ཁུ་བཞུར་སའི་རྩའི་བུ་ག་སྲིན་བུ་དང་རྡེའུ་སྐྲན་སོགས་ཀྱིས་འགགས་ནས་མཁྲིས་པ་རྒྱུན་ལྡན་ལྟར་ཟགས་ཐོན་བྱེད་པར་འགོག་རྐྱེན་ཐེབས་ཏེ་ཚ་བ་ཞུགས་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ལ། སྤྱིར་བཏང་སྣུམ་བཅུད་ཆེ་བའི་ཟས་སྐོམ་དང་ཚ་སྐྱུར་གྱི་རིགས་བསྟེན་དྲགས་པ་དང་། སྤྱོད་ལམ་མི་འཚམ་པ། ལུས་ཁམས་འཁྲུགས་པ་སོགས་ཀྱིས་ཀྱང་སློང་བ་ཡིན།

ནད་རྟགས། 

ཟས་ཀྱི་དང་ག་འགགས་པ་དང་སྐྱུག་མེར་ལངས་པ། ཞོགས་པར་ཁ་ཏིག་ཁ་བ། ཁོག་པ་སྦོས་བརྒྱངས་བྱེད་པ། མགོ་བོ་ན་བ། ལུས་ཁམས་ལ་ཚ་དྲོད་རྒྱག་པ། སྒྱིད་ལུག་པ། གཞོགས་གཡས་ངོས་ཀྱི་རྩིབ་རྒྱུད་དུ་ན་ཟུག་གཏོང་བ་དང་སྦྲགས། ན་ཟུག་དེ་སྟོད་རྒྱབ་ནས་ཕྲག་པའི་སྟེང་འཕྲོས་ནས་ན་བ། ནད་ཚབས་ཆེ་སྐབས་མཁྲིས་པའི་རྒྱུད་དུ་ལྡང་དུབ་ཅན་གྱི་ན་ཟུག་ཛ་དྲག་པོ་གཏོང་བ་དང་གནོན་ཟུག་མངོན་གསལ་ཅན་ཡོད་པ། མིག་སྤྲིན་དང་རྣ་རྒྱབ། ལྕེ་འོག་སོགས་སེར་པོར་གྱུར་པ། ལུས་ལ་ཟ་འཕྲུག་ལངས་པ། ལྕེ་སྟེང་དུ་དྲེག་པ་སྐྱ་སེར་ཆགས་པ་ཡིན།

སྔོན་འགོག

1 ཧུར་བརྩོན་སྒོས་འབུ་ཕྲས་རེད་པ་དང་ནད་གྲོགས་འགོག་བཅོས་དང་། ཟས་སྐོམ་གྱི་གཙང་སྦྲར་དོ་སྣང་བྱ་བ། མཁྲིས་ཁུ་རྒྱུ་བའི་རྩར་སྲིན་བུས་མི་འགགས་པར་བྱ་དགོས།

2 འཚོ་བ་རོལ་སྟངས་དང་འགྲོ་འདུག་སྤྱོད་གསུམ་ལ་གོ་རིམ་ཡོད་པ་དང་། དྲོ་གྲང་སྙོམས་པའི་གནས་སུ་འདུག་པ། ངལ་དུབ་མི་ཆེ་བ། སེམས་ཁམས་སྐྱིད་པར་གནས་པ་དང་བཤང་གཅི་བདེ་གཏོང་ཐུབ་པར་བྱ་བ།

3 རྒྱུན་པར་གཞོགས་གཡོན་དུ་ཉལ་ན། མཁྲིས་ཁུ་ཕྱིར་འབུད་སླ་ཞིང་བདེ་བ།

4 དུས་རྒྱུན་སྣུམ་ཚིལ་ཆུང་བའི་ཟས་རིགས་བསྟེན་ན། མཁྲིས་ཁུ་ཟགས་ཐོན་ཉུང་ལ་མཁྲིས་པའི་ལས་འགན་ཡང་ཇེ་ཡང་དུ་འགྲོ་བ་ཡིན།

གསོ་ཐབས།

1 མཁྲིས་པར་རྡེའུ་སྐྲན་ཡོད་ལ། རྒྱུན་པར་ཡང་བསྐྱར་དུ་ལྡང་ན། གཤག་བཅོས་ཀྱིས་གསོ་བར་བསམ་བློ་གཏོང་དགོས།

2 མྱུར་གཤིས་རང་བཞིན་གྱི་མཁྲིས་སྣོད་ཚ་བ་ལ། ན་ཟུག་གཅོག་པའི་སྨན་དང་སྲིན་འགོག་སྨན། མཁྲིས་པར་ཕན་པའི་སྨན་རྫས་གང་འཚམ་ལྟར་བསྟེན་དགོས།

3 དལ་གཤིས་རང་བཞིན་གྱི་མཁྲིས་སྣོད་ཚ་བ་ལ། མཁྲིས་པར་ཕན་པའི་སྨན་རྫས་དང་འབུ་འདེད་པའི་སྨན། རྡེའུ་སྐྲན་འཇུ་བའི་སྨན་བསྟེན་དགོས། ཡིག་ཆ་རུ་གསལ་འགོད་བྱས་པ་ལྟར་ན། རྡེའུ་སྐྲན་འཇུ་བའི་སྨན་རྫས་ཀྱིས་ཕན་ཐོགས་ཚད་བརྒྱ་ཆའི་དྲུག་ཅུ་ཡས་མས་སླེབས་ཡོད་པར་བཤད་ལ། གསོ་བཅོས་བརྒྱུད་རིམ་མཇུག་རྫོགས་རྗེས་ཕྱིར་མི་ལྡང་བའི་ཆེད་དུ་ད་དུང་མུ་མཐུད་དུ་ཡུན་ངེས་ཅན་ཞིག་ལ་བསྟེན་དགོས།

4 བོད་ལུགས་གསོ་རིག་ལྟར་ན། ཐོག་མར་ཚ་བ་ཆེ་སྐབས་སླེ་ཏྲེས་ལྔ་ཐང་དང་། ཏིག་ཏ་བརྒྱད་པ། གཡའ་ཀྱི་ཉེར་ལྔ་ལྟ་བུ་གཏོང་བ་དང་། ཚ་བ་འཇགས་ཏེ་ནད་གཞི་རྙིང་ན་དྭངས་བཙོ་དང་། གར་ནག་བཅུ་པ། གསེར་མདོག་ལྔ་པ། གསེར་ཏིག(གསེར་མདོག་ལྔ་པ་དང་ཏིག་ཏ་བརྒྱད་པ་གཉིས་བསྲེས་པ)མཁྲིས་ལས་རྣམ་རྒྱལ་སོགས་རྒྱུན་སྤྱོད་སྨན་སྦྱོར་རྣམས་གང་འཚམ་ལྟར་བསྟེན་དགོས།

5 ཟས་སྤྱོད་ཀྱིས་བཅོས་པ་ལ། བོད་ལུགས་གསོ་རིག་ལྟར་ན། བ་རའི་ཞོ་དང་དར་བ། མར་གསར། རི་དྭགས་ཀྱི་ཤ་དང་བ་ལང་གི་ཤ ར་ཤ སྐམས་ཤ་གསར་པ། ཁུར་མོའི་ཚོད་མ། ཚྭ་སྡོར་མེད་པའི་ཐུག་པ་སླ་མོ། གངས་ཆུ་བསིལ་མོ། བསྐོལ་གྲངས་རྣམས་འཕྲོད་ལ། སུར་པན་དང་ན་ལེ་ཤམ་སོགས་རོ་ཚ་བའི་ཟས་དང་། ལོ་མར་དང་འབྲུ་མར་སོགས་སྣུམ་ལ་ལྕི་བའི་ཟས་རིགསདང་། རྙིང་ཞིང་ལོ་ལོན་པ་དང་སྐྱུར་བོ་དང་ལྕུམ་རྩ་སོགས་རོ་སྐྱུར་བའི་ཟས་རིགས་གནོད་པས་སྤང་དགོས་པ་ཡིན། ཕྱི་ལུགས་གསོ་རིག་ལྟར་ན། མར་དང་ཕག་ཚིལ། སྐམས་ཚིལ། སྣུམ་བཙོས་ཀྱི་ཟས་རིགས་སྤང་དགོས་པ་དང་། སྤྲིས་མ་ལངས་པའི་འོ་མ་དང་བྱ་ཤ ཉ་ཤ ཕག་ཤ་ཚིལ་མེད་པ། ནོར་ལུག་གི་ཤ་སྣག རི་བོང་གི་ཤ སྒོང་སྤྲི། སྔོ་ཚོད། སིལ་ཏོག སྲན་བཤོས།(豆制品)སྐྱེ་དངོས་སྣུམ། སྦྲང་རྩི། བུ་རམ་སོགས་འཕྲོད་པ་ཡིན།

སྤྱོད་ལམ་མེ་ཉིར་བསྲོ་བ་དང་ཞེ་སྡང་ལངས་པ། དྲག་ཤུལ་གྱི་ལས་རྣམས་སྤང་བ་དང་། ཡིད་དུ་འོང་བའི་སྙན་ཚིག་སྨྲ་བ་དང་བསིལ་གྲིབ་ཀྱི་གནས་སུ་དལ་བར་འདུག་པ། ཁྲུས་བྱ་བ་དང་མགོ་བཀྲུ་བ། གོས་གསར་དྲི་མེད་བགོ་དགོས།


མཉམ་སྤྱོད།