དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚན་རིག་དང་མཐུན་པར་གཞོན་འབྲུམ་སྔོན་འགོག་བྱེད་ཐབས།

2025-05-14 15:01:54   |   52

རྩོམ་སྒྲིག དོན་འགྲུབ་མཚོ།   ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་།


གཞོན་འབྲུམ་ནི་བ་སྤུའི་བུ་གའི་སྐྱི་ལྤགས་ཚིལ་རྨེན་ལ་གནོད་པའི་དལ་གཤིས་སྐྱི་ལྤགས་ནད་ཅིག་ཡིན་ལ། ལང་ཚོའི་དུས་སྐབས་སུ་འབུད་པ་མང་། གཙོ་ཆེར་ངོ་གདོང་དང་མགོ་སྐེ། ལུས་རྒྱབ་སོགས་སུ་འབུད་ཅིང་། གཞོན་ནུ་ལོ་ཆུང་ཚོའི་བྱད་བཞིན་དང་སེམས་ཁམས་བདེ་ཐང་ལ་ཚད་མི་འདྲ་བའི་ཤུགས་རྐྱེན་ཐེབས་བཞིན་ཡོད། 

ཧུར་ཐག་གིས་གསོ་བཅོས་བྱེད་ཐབས་བསྟེན་པ་ལས་གཞན། སློབ་གྲྭ་དང་ཁྱིམ་བདག་གིས་གཞོན་ནུ་ལོ་ཆུང་ཚོའི་བདེ་ཐང་སློབ་གསོ་ལ་ཤུགས་བརྒྱབ་སྟེ། གཞོན་ནུ་ལོ་ཆུང་ཚོས་གཞོན་འབྲུམ་ལ་རྒྱུས་ལོན་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས། བསྡོངས་ནད་ཇེ་ཡང་དང་གཞོན་འབྲུམ་ཡང་བསྐྱར་འབུད་ཚད་ཇེ་ཉུང་དུ་གཏོང་དགོས་ཤིང་། གཤམ་གསལ་གྱི་ཕྱོགས་འདི་བཞི་ལ་མཉམ་འཇོག་བྱ་དགོས། 

གཅིག ཀ་རའི་འདུས་ཚད་མང་བ་དང་སྣུམ་ཆེ་བའི་ཟ་མར་ཚོད་འཛིན་པ། འོ་བཟོས་ཐོན་རྫས་དང་ལྷག་པར་དུ་སྣུམ་བཏོན་ཟིན་པའི་འོ་བཟོས་ཐོན་རྫས་བཟའ་ཚད་ཇེ་ཉུང་དུ་གཏོང་བ། སྔོ་ཚལ་དང་སིལ་ཏོག་གསར་བ། འཚོ་བཅུད་རྫས་འདུས་ཚད་མང་བའི་ཟ་མ་ཟ་བ། 

གཉིས། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་པ། ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བའམ་ཚོ་ཆེ་བ་རྣམས་ཀྱིས་ལུས་རྩལ་སྦྱོང་བརྡར་ལ་ཤུགས་བརྒྱབ་ནས། ལུས་པོའི་སྤུས་ཚད་སྟོན་གྲངས་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱ་དགོས།

གསུམ། འཚོ་བ་རོལ་སྟངས་ལ་ཆོས་ཉིད་ཡོད་པར་བྱེད་པ་དང་། མཚན་མི་འཕུད་པ། གཉིད་འདང་ངེས་ལོག་པ།

བཞི། ཚན་རིག་དང་མཐུན་པར་སྐྱི་ལྤགས་ལ་སྲུང་སྐྱོབ་བྱེད་པ། ཆུ་དྲོ་འཇམ་གྱིས་རྨ་འབྲུམ་ཡོད་སར་གཙང་འཁྲུད་འོས་འཚམ་བྱས་རྗེས། སྣུམ་མི་ལངས་པ་དང་རླན་འཛིན་པའི་སྨན་སྤྱོད་པགས་སྲུང་བྱུག་རྫས་སྤྱད་དེ་སྐྱི་ལྤགས་ལ་སྲུང་སྐྱོབ་བྱས་ཐོག སྐྱི་ལྤགས་ཀྱི་སྲུང་ཡོལ་བྱེད་ནུས་སླར་གསོ་བྱས་ཏེ། སྐྱི་ལྤགས་སྣུམ་ཆེ་བའམ་སྐམ་ཆེ་བའི་གནད་དོན་མི་འབྱུང་བར་བྱ་དགོས། 

གཞོན་འབྲུམ་ནི་ཡང་དང་བསྐྱར་དུ་འབྱུང་ཞིང་ཇེ་སྡུག་ཏུ་འགྲོ་སླ་བ་ཞིག་ཡིན་ཡང་། ལང་ཚོའི་དུས་སྐབས་ཡོལ་རྗེས། ནད་རྟགས་རིམ་བཞིན་ཇེ་ཡང་དང་ཐ་ན་མེད་འགྲོ་བས། གཞོན་ནུ་ལོ་ཆུང་དག་གིས་རྒྱུན་ལྡན་གྱི་སེམས་ཁམས་ཤིག་གིས་གཞོན་འབྲུམ་ལ་གདོང་གཏད་དེ། སྐྱི་ལྤགས་ཚན་ཁག་གི་སྨན་པའི་རོགས་རམ་འོག་འོས་འཚམ་གྱི་གསོ་བཅོས་བྱེད་ཐབས་བསྟེན་པ་ལས། ཚད་ལས་བརྒལ་བའི་སེམས་ཁུར་བྱ་མི་དགོས། 


མཉམ་སྤྱོད།