དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱུ་འགགས་ཀྱི་ནད།

2025-06-13 09:14:10   |   180

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

རྒྱུ་འགགས་ཀྱི་ནད་ཟེར་བ་ནི་རླུང་གིས་རྒྱུ་མ་གཅུས་པའམ་གཉན་ཚད་ཀྱིས་རྒྱུ་མ་ཕན་ཚུན་སྦྱར་བ། ཡང་སྲིན་འབུ་བསྒོངས་པ་སོགས་ཀྱིས་རྒྱུ་མ་འགགས་ནས་བཤང་བ་དང་འོག་རླུང་འབྱིན་མི་ཐུབ་པར་ན་ཟུག་ཛ་དྲག་གཏོང་བའི་ནད་ཅིག་ཡིན་ལ། སྤྱིར་བཏང་བཙོག་པ་དང་རུལ་སུངས་སུ་ཕྱིན་པའི་ཟས་སྐོམ་རིགས་བསྟེན་པ་དང་། རྗེན་པ་དང་གྲང་མོའི་རིགས་བསྟེན་དྲགས་པ། ལུས་ཁམས་ལ་ཚ་གྲང་འཐབ་པ་སོགས་ཀྱིས་སློང་བ་ཡིན།

ནད་རྟགས།

རྒྱུ་མར་རྒྱུན་མཐུད་རང་བཞིན་གྱི་ན་ཟུག་དྲག་པོ་གཏོང་བ་དང་། འཁུན་པ། ཚ་བ་རྒྱག་པ། ཁ་སྐམ་པ། སྐོམ་དད་ཆེ་བ། རྒྱུ་མ་ནུར་འགུལ་བྱེད་པ། ཞེ་མེར་ལངས་ནས་དྲི་ངན་ཅན་སྐྱུག་པ། ཁོག་པ་སྦོས་འཁྲོག་བྱེད་པ། ད་དུང་རྒྱུ་མ་གཅུས་ཡོད་ཚེ་གནོན་གཟེར་དང་གློད་གཟེར་ཡོད་པ། གསུས་པའི་ཤ་གྲིམ་མཁྲེགས་པོར་ཆགས་པ། ལྷག་པར་བཤང་བ་དང་འོག་རླུང་གཉིས་ཀ་ཐོན་མི་ཐུབ་པ་ཡིན།

སྔོན་འགོག

1 ནམ་རྒྱུན་གཙང་སྦྲ་བཟང་བོ་བྱས་ཏེ། ཟས་ཀྱི་སྔ་རྗེས་སུ་ལག་པ་བཀྲུ་བའི་གོམས་སྲོལ་ལོབས་སུ་འཇུག་པ་དང་། མི་གཙང་བའི་ཟས་དང་འཇུ་དཀའ་བའི་ཟས་སྤང་བ་དང་། དུས་བཅད་ལྟར་ཁོང་འབུ་འདེད་པ་དང་། རྒྱུ་མའི་ནད་རིགས་བྱུང་བར་སྔོན་འགོག་བྱ་དགོས།

2 ཟས་རྗེས་སུ་སྤྱོད་ལམ་དྲུག་པོ་བྱེད་མི་རུང་། ཟས་སྐོམ་དུས་ལྟར་བསྟེན་པ་དང་། འགྲངས་ཆེར་མི་རུང་།

བཅོས་ཐབས།

1 ནད་འདི་བྱུང་ཡོད་པ་ཤེས་ན་ལམ་སེང་སྨན་ཁང་ལ་སོང་ནས་བརྟག་བཅོས་བྱ་དགོས།

2 བོད་ལུགས་གསོ་རིག་ལྟར་ན། གཙོ་བོ་བཤང་བ་དང་འོག་རླུང་ཐོན་པ་བརྒྱུད་ནས་འགགས་པ་འདྲེན་རྒྱུ་དེ་ཡིན་སྟབས་རེ་ཞིག་ཟས་སྐོམ་གང་ཡང་མ་བཏང་བར་སྨན་ལ་ཞི་བྱེད་དྲུག་པ་དང་། ཞི་དྲུག་དུར་བསྣན། ཞི་ལྕུམ། ཞི་གསེར། གསེར་ཁྱུང་སོགས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་གཏོང་རྒྱུ་དང་། ནད་ཚབས་ཆེ་སྐབས་ལན་ཚྭ་བསྲོས་པའམ་སྣོད་ནང་ཆུ་སྐོལ་ཚ་མོ་བླུགས་པ་གང་རུང་གིས་ལྟེ་བའི་ཉེ་འཁོར་དུ་ཚ་དུགས་རྒྱག་པ་དང་། དེས་ཀྱང་མ་ཕན་ནད་པས་སྤྱོད་ལམ་དྲག་པོ་སྤྱད་པའམ་ཡང་ན་གློ་བུར་དུ་དངངས་པར་བྱས་ན་རྒྱུ་འཁྲིལ་སངས་སྲིད་པ་ཡང་ཡོད།


མཉམ་སྤྱོད།