དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱུ་གཟེར།

2025-06-17 08:56:54   |   57

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

རྒྱུ་གཟེར་ནི་ཟས་སྤྱོད་མི་འཚམ་པ་དང་ནད་འབུ་འགོས་ཁྱབ་བྱུང་བ། རྒྱུ་མར་གཉན་ཚད་རྒྱས་ནས་ན་ཟུག་དྲག་ཅིང་ཡང་ཡང་དམར་བཤལ་བྱེད་པའི་ནད་ཅིག་ཡིན། ནད་དེ་གཙོ་བོ་བཙོག་པ་དང་མ་གོམས་པའི་ཟས་ཟོས་པ། རྗེན་པ་དང་འབྲས་བུ་མ་སྨིན་པ། ཤ་རུལ་དང་ཆང་སྐྱུར་སོགས་མི་འཕྲོད་པའི་ཟས་སྐོམ་རིགས་བསྟེན་པ། ལྷག་པར་དུ་ནད་འབུ་འགོས་ཁྱབ་བྱུང་བ་ལས་སློང་བ་ཡིན།

ནད་རྟགས།

མགོ་དང་ཚིགས་གཞི་ན་བ་དང་། གྲང་ཤུམ་བྱེད་པ། ཚ་བ་རྒྱས་པ། སྐོམ་དད་ཆེ་བ། རྒྱུ་མར་གཟེར་ཟུག་དྲག་པོ་གཏོང་བ་དང་། ཁྲག་དམར་ལྗན་ལྗིན་བེ་སྣབས་ཅན་བཤལ་བ། བཤལ་ཐེངས་མང་ལ་བུངས་ཉུང་བ། ཡང་ཡང་བཤལ་སྙམ་བྱས་ནས་ན་ཟུག་གཏོང་བ། བཤལ་རྗེས་བདེ་སྙམ་བྱེད་པ། རྒྱུ་ཞབས་ལ་གནོན་ཟུག་ཡོད་པ། གསུས་ཀྱི་གྲིམ་ལ་མཁྲེགས་པ། ལུས་སྟོབས་ཉམས་པ། ནད་ཚབས་ཆེ་སྐབས་གདོང་མདོག་སྨུག་པོར་འགྱུར་བ་ཡིན།

སྔོན་འགོག

ཟས་སྐོམ་བཙོག་པ་དང་རྗེན་པའི་རིགས། ཤ་རུལ་ཆང་སྐྱུར་སོགས་བཟའ་བཏུང་མི་འཕྲོད་པ་སྤང་བ་དང་། ཟས་སྐོམ་གྱི་གཙང་སྦྲ་ལ་དོ་སྣང་བྱེད་དགོས།

གསོ་ཐབས།

1 བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་ལ་འཕྲུལ་བྲག(འཕྲུལ་ཐང་དང་བྲག་ཞུན་དགུ་པ་བསྲེས་པ)དང་བྲག་ཁྱུང་།(བྲག་ཞུན་དགུ་པ་དང་ཁྱུང་ལྔ་བསྲེས་པ)བྲག་ཞུན་དགུ་པ། མཁྲིས་ཕྱེ་བདུན་པ། མྱང་སྤྲས་ལྔ་པ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གཏང་ཆོག དེ་ཡང་རྒྱུ་མར་གཟེར་ཟུག་དྲག་པོ་གཏོང་བ་དང་ཁྲག་ཁོ་ན་བཤལ་སྐབས། བྲག་ཁྱུང(བྲག་ཞུན་དགུ་པ་དང་ཁྱུང་ལྔ་བསྲེས་པ)དང་འཕྲུལ་བྲག་གཏོང་བ། ན་ཟུག་ཆུང་ཞིང་བཤལ་ཐེངས་མང་བར་བྲག་ཞུན་དགུ་པ་དང་། མཁྲིས་ཕྱེ་བདུན་པ། མྱང་སྤྲས་ལྔ་པ་སོགས་གཏོང་བ་བཅས་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས།

2 ཟས་ཀྱིས་བཅོས་པ་ལ། ནད་འདི་ལ་ཟས་འཛེམ་རྒྱུ་ཤིན་ཏུ་གལ་ཆེ། ཁྱད་པར་དུ་ཤ་དང་རྩམ་པ། ཚན་མོའི་རིགས་གཏན་ནས་སྤང་། འབྲས་ཁུའམ་ནས་བཙོས་པའི་ཁུ་བ་དྲོ་འཇམ་ཕྲན་བུ་བསྟེན་པ་ལེགས། ལུག་ཤ་དང་བ་ལང་གི་ཤ རི་དྭགས་ཀྱི་ཤ་མ་རུལ་བ་གསར་བའི་ཁུ་བ་བུངས་ཆུང་ངུ་བཏང་ན་ཆོག


སྐབས་སྔོན་མ། རྒྱུ་འགགས་ཀྱི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།