དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱིས་པས་མིག་ཡང་ཡང་རྡེབ་པའི་རྒྱུ་མཚན་ཅི་ཡིན་ནམ།

2025-06-18 09:49:06   |   31

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ། བྱིས་པ་ཁ་ཤས་ལ་ཡང་ཡང་མིག་རྡེབ་པའི་གོམས་གཤིས་ཡོད། བྱ་སྤྱོད་ཕྲན་བུ་འདིའི་རྒྱབ་ལོག་ན་བདེ་ཐང་གི་གནད་དོན་མང་པོ་བསྐུངས་ཡོད་སྲིད། འོ་ན་བྱིས་པས་ཡང་ཡང་མིག་རྡེབ་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། དེ་ལ་གཤམ་གསལ་གྱི་རྒྱུ་རྐྱེན་འདི་དག་ཡོད་སྲིད་དེ། 

1.བྱིས་པའི་འཚོ་བ་དང་སློབ་སྦྱོང་གི་འགྲོས་ཚད་ཇེ་མགྱོགས་སུ་སོང་བ་དང་། དུས་ཡུན་རིང་བོར་བརྙན་འཕྲིན་དང་གློག་ཀླད། ཁ་པར་སོགས་གློག་རྡུལ་འཆར་ཤེལ་ལ་ལྟ་བ། ཡང་ན་དུས་ཡུན་རིང་བོར་དཔེ་ཆར་ལྟ་བ་སོགས་ཀྱིས་མིག་གི་ཤ་གནད་བཀོལ་སྤྱོད་བྱེད་པ་ཚད་ལས་བརྒལ་ནས། མིག་ཐང་ཆད་པ་དང་སྐམ་པ་སོགས་ཀྱི་ནད་རྟགས་བསྐྱེད་སྲིད། མི་བདེ་བའི་ཚོར་བ་དེ་དག་ཡལ་ཆེད། བྱིས་པས་བསམ་བཞིན་མ་ཡིན་པར་མིག་རྡེབ་ཚད་ཇེ་མང་དུ་བཏང་སྟེ། མིག་ངོས་རློན་པར་བྱེད་པ་དང་མིག་གི་ཤ་གནད་གློད་པ་རེད། 

2.མིག་འབྲས་སྐྱི་མོའི་གཉན་ཚད་དང་མིག་སྐྱིའི་གཉན་ཚད་སོགས་ཀྱིས་རྟག་པར་ཕྲ་སྲིན་དང་ནད་དུག་བསླངས་ཏེ། མིག་སྐྲངས་པ་དང་དམར་པོར་འགྱུར་བ། ན་བ། ཟ་འཕྲུག་ལངས་པ། མིག་ཆུ་བཞུར་བ་སོགས་བྱེད་པས། བྱིས་པས་མིག་ཡང་ཡང་རྡེབ་སྲིད། གཞན་མེ་ཏོག་གི་ཟེའུ་རྡུལ་དང་གཡན་འབུ། སྲོག་ཆགས་ཀྱི་སྤུ་སོགས་ནི་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་ཚོར་ལྷག་ཁུངས་ཡིན་ལ། དེ་དག་གིས་ཚོར་ལྷག་རང་བཞིན་གྱི་མིག་འབྲས་སྐྱི་མོའི་གཉན་ཚད་བསླངས་ཏེ། བྱིས་པའི་མིག་ལ་ཟ་འཕྲུག་ལངས་པ་དང་མིག་ཆུ་བཞུར་བ། མིག་སྐྱག་ཇེ་མང་དུ་འགྲོ་བ་སོགས་ཚོར་ལྷག་ནད་རྟགས་སྐྱེད་སྲིད་པ་དང་། དེས་ཀྱང་མིག་རྡེབ་པའི་ཐེངས་གྲངས་ཇེ་མང་དུ་གཏོང་བ་ཡིན། སྣང་ཚུལ་འདི་ནི་ལོ10མན་གྱི་བྱིས་པར་འབྱུང་ལ། ལྷག་པར་དུ་སྟོན་དཔྱིད་དུས་ཚིགས་གཉིས་སུ་མང་། 

3.རྒྱང་སྒྲིབ་དང་ཉེ་སྒྲིབ། འོད་ཐོར་སོགས་མཐོང་ནུས་ཀྱི་གནད་དོན་ནི་བྱིས་པའི་མི་ཚོགས་ཁྲོད་ཧ་ཅང་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ཞིང་། གནད་དོན་འདི་དག་གིས་བྱིས་པས་བྱ་དངོས་གང་རུང་ལ་གསལ་བོར་ལྟ་སྐབས་མིག་ལ་མི་བདེ་བ་བཟོ་སྲིད་པ་དང་། དེ་ལ་རྐྱེན་བྱས་ཏེ་རང་དབང་མེད་པར་མིག་རྡེབ་པའི་ཐེངས་གྲངས་ཇེ་མང་དུ་བཏང་ནས། མཐོང་ཚོར་ཇེ་བཟང་དང་མིག་གི་ངལ་དུབ་སེལ་བར་བྱེད་པ་ཡིན། 

4.ཤ་འགུལ་རྒྱུག་པ་ནི་དབང་རྩའི་འཚར་སྐྱེ་ལ་གནད་དོན་བྱུང་བ་ཡིན་ལ། དེའི་ནད་རྟགས་ནི་དུས་རྒྱུན་རང་གི་དབང་དུ་མི་འོང་བ་དང་བསྐྱར་ཟློས་ཆེ་བ། འགྲོས་མགྱོགས་པའི་ཤ་འགུལ་རྒྱུག་པ་དེ་ཡིན། ཤ་འགུལ་རྒྱུག་པ་ནི་མིག་ཡང་ཡང་རྡེབ་པའི་རྒྱུ་རྐྱེན་ཞིག་ཡིན་ཞིང་། དེའི་ཞོར་ལ་ལུས་པོའི་ཁག་གཞན་པར་ཤ་འགུལ་རྒྱུག་པ་དང་རྒྱུན་ལྡན་མིན་པར་ཡན་ལག་འགུལ་བ་སོགས་ཀྱང་ཡོད། 

5.བྱིས་དུས་ནི་བྱིས་པའི་སློབ་སྦྱོང་དང་ལད་ཟློས་ཀྱི་གནད་འགག་དུས་སྐབས་ཡིན་པས། ཁོ་ཚོས་ནམ་རྒྱུན་ཉེ་འཁོར་གྱི་མིའི་བྱ་སྤྱོད་ལ་ལྟ་ཞིབ་དང་ལད་མོ་བྱས་ཏེ་རང་ཉིད་ཀྱི་གོམས་གཤིས་སུ་སྒྱུར་བར་བྱེད། དེ་བས། སྐབས་ལ་ལར། བྱིས་པས་མིག་ཡང་ཡང་རྡེབ་པ་ནི་མི་གཞན་ལ་ལད་མོ་བྱས་པའི་མཇུག་འབྲས་ཡིན་ཡང་སྲིད། 


སྐབས་སྔོན་མ། རྒྱུ་གཟེར།
སྐབས་རྗེས་མ། མེད།
མཉམ་སྤྱོད།