དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཁུང་ཁེན་ཡ་ཚ་ནད་ནི་ཇི་ལྟ་བུ་ཞིག་ཡིན་པ་དང་ཇི་ལྟར་སྔོན་འགོག་བྱ་དགོས།

2025-09-03 14:42:54   |   51

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

དྲོད་ཚད་མུ་མཐུད་དུ་ཇེ་མཐོར་ཕྱིན་པ་དང་ཆར་ཆུའི་འབབ་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། དུག་སྦྲང་ཇེ་མང་ཡིན་ལ། དུག་སྦྲང་བརྒྱུད་པའི་འགོ་ནད་ཀྱི་ཉེན་ཁ་ཡང་དེ་དང་ཆབས་ཅིག་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་ཆར། རང་རྒྱལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁ་ཤས་སུ་ཅི་ཁུང་ཁེན་ཡ་ཚ་ནད་བྱུང་བ་དང་ས་གནས་དེ་གར་ཁྱབ་བཞིན་ཡོད། ཅི་ཁུང་ཁེན་ཡ་ཚ་ནད་ནི་ཇི་ལྟ་བུ་ཞིག་ཡིན་པ་དང་དེ་ཇི་ལྟར་མཆེད་པ། མི་སྒེར་གྱིས་འགོག་སྲུང་ཇི་ལྟར་བྱ་དགོས།

གཅིག ཅི་ཁུང་ཁེན་ཡ་ཚ་ནད་ནི་ཇི་ལྟ་བུ་ཞིག་ཡིན།

ཅི་ཁུང་ཁེན་ཡ་ཚ་ནད་ནི་ཅི་ཁུང་ཁེན་ཡ་ནད་དུག་གིས་བསྐྱེད་པའི་མྱུར་གཤིས་དུག་སྦྲང་སྨྱན་འགོས་ནད་ཅིག་ཡིན་པ་དང་། གཙོ་བོ་ཨེ་ཤ་ཡ་ཤར་ལྷོ་དང་ཨེ་ཤ་ཡ་ལྷོ་མ། ཨ་ཧྥེ་རི་ཁ་བཅས་སུ་ཁྱབ་ཡོད། དབྱི་དུག་སྦྲང་གིས་སོ་བཏབ་ནས་ཁྱབ་པ་དང་། མི་ཕན་ཚུན་བར་འགོ་བའི་དཔང་རྟགས་མེད།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་མཐའ་འཁོར་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་དུ་རིམས་ནད་འདི་རྒྱུན་མཐུད་ནས་ཁྱབ་པ་དང་། རང་རྒྱལ་དུ2008ལོར་ཐེངས་དང་པོར་ཕྱི་ཡོང་རང་བཞིན་གྱི་ནད་དཔེ་ཐོག་མ་ཤེས་རྟོགས་བྱུང་སྟེ། ས་གནས་དེ་གར་རིམས་ནད་བྱུང་ཡོད་མོད། འོན་ཀྱང་གཏན་འཇགས་ཀྱི་རིམས་ནད་འབྱུང་ཁུངས་ཤིག་ཆགས་མེད།

གཉིས། དཔེ་མཚོན་གྱི་ནད་རྟགས་གང་དག་ཡོད།

ཚ་རྒྱས་པ། ཉིན1ནས7བར་རྒྱུན་མཐུད་བྱེད་ཅིང་། དེ་དང་ཆབས་ཅིག་འཁྱག་འདར་དང་མགོ་ན་བ། རྒྱབ་ན་བ། ལུས་ཡོངས་ཀྱི་ཤ་གནད་ན་བ། སྐྱུག་མེར་ལངས་པ། སྐྱུག་པ་སོགས་ཡོད།

པགས་འབྲུམ་འབྱུང་བ། མང་ཆེ་བ་ནད་བྱུང་རྗེས་ཀྱི་ཉིན2ནས5བར་དུ་འབྱུང་སྟེ། ནད་པ་ཕྱེད་ཀ་ཡན་གྱི་ལུས་གཞུང་དང་རྐང་ལག་གི་རྐྱོང་ཕྱོགས། ལག་མཐིལ་དང་རྐང་མཐིལ་བཅས་སུ་མདོག་དམར་པོའི་ཐོར་པའམ་སྨུག་ཐིག་འབྱུང་སྟེ། ཉིན་འགའི་རྗེས་སུ་ཡལ་བ་ཡིན།

ཚིགས་ན་བ། གཙོ་བོ་མཁྲིག་མ་དང་ལོང་བུ། རྐང་འཛུབ་སོགས་ཚིགས་ཆུང་ན་བ་དང་། ཡང་ན་པུས་མོ་དང་ཕྲག་པ་སོགས་ཚིགས་ཆེན་ན་བའང་ཡོད། རྒྱུན་པར་གཟའ་འཁོར1ནས3བར་དུ་ལྷོད་འཇགས་སུ་འགྲོ། ནད་པ་ཁ་ཤས་ཀྱི་ཚིགས་ན་བ་ཟླ་བ་འགའ་ལ་རྒྱུན་འཁྱོངས་བྱེད་པའང་ཡོད།

ནད་པ་ཉུང་ཤས་ཤིག་ལ་ཁྲག་སྐྱུག་པ་དང་ཀླད་པའི་ཚ་ནད། སྒལ་རྣག་ཚ་ནད་སོགས་བླ་གཉན་ཚབས་ཆེན་བྱུང་ནས་འཆི་ཡང་སྲིད།

གསུམ། འགོ་ལམ་གང་དག་ཡོད།

ཅི་ཁུང་ཁེན་ཡ་ཚ་ནད་ནི་དབྱི་དུག་སྦྲང་བརྒྱུད་ནས་འགོ་བ་དང་། མི་ནི་ཅི་ཁུང་ཁེན་ཡ་ནད་དུག་གི་གནས་བདག་གཙོ་བོ་ཡིན།

དབྱི་དུག་སྦྲང་གིས་ཉིན་མོ་མི་ལ་སོ་འདེབས་པ་དང་། ལྷག་པར་དུ་ཉི་མ་ཤར་བའི་སྔ་རྗེས་ཀྱི་ཆུ་ཚོད1ནས2དང་ཉི་མ་ནུབ་པའི་སྔོན་གྱི་ཆུ་ཚོད2ནས3བར་དུ་འཁྲུག་ཆ་ཆེ།

དེ་ཚོའི་འབུ་ཕྲུག་ཆུ་གསོག་སྣོད་ཆས་ཆུང་གྲས་ཀྱི་ནང་དུ་སྐྱེ་འཕེལ་བྱེད་པ་དཔེར་ན། ཤེལ་དམ་དང་འགྱིག་འཁོར་རྙིང་བ། མེ་ཏོག་གི་རྫ་མ་སོགས། དེ་དག་ཚང་མ་དུག་སྦྲང་གི་གནས་མལ་དུ་འགྱུར་སྲིད།

བཞི། ཇི་ལྟར་བྱས་ནས་སྔོན་འགོག་ནུས་ལྡན་བྱ་དགོས།

བསགས་པའི་ཆུ་གཙང་སེལ་བྱ་དགོས། དུས་བཅད་ལྟར་ཁང་པའི་མདུན་གྱི་ཆུ་བསགས་པའི་སྣོད་ཆས་གཙང་སེལ་བྱ་དགོས། དཔེར་ན། མེ་ཏོག་གི་གཞོང་སྡེར་དང་འགྱིག་འཁོར་རྙིང་བ། ཆུ་ཟོ་སོགས་ལྟ་བུ། གཙང་སེལ་བྱེད་ཐབས་མེད་པའི་ཆུ་རྫིང་ལ་དུག་སྦྲང་གསོད་པའི་སྨན་རྫས་གཏོར་ཆོག

སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སྟེ། ཁང་པའི་ཕྱི་རོལ་གྱི་ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ་དང་། རྩྭ་ལྡུམ་དང་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་པ། གྲོང་གསེབ་ས་ཁུལ་དུ་ཕག་ཁང་དང་ཕྱུགས་གསོ་ཁང་སོགས་ཕྱུགས་རིགས་དང་ཁྱིམ་བྱའི་སྡོད་ཁང་གི་འཕྲོད་བསྟེན་ལ་དོ་སྣང་ལྷག་ཏུ་བྱས་ཏེ། དུས་བཅད་ལྟར་དུག་སེལ་བྱས་ནས་དུག་སྦྲང་གསོད་དགོས།

དངོས་ལུགས་འགོག་སྲུང་། དུག་སྦྲང་མང་བའི་དུས་སུ(ཞོགས་པ་དང་ས་སྲོད)ཕྱི་རོལ་གྱི་འགུལ་སྐྱོད་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། གལ་ཏེ་ཕྱི་ལ་འགྲོ་དགོས་ན་ཕུ་ཐུང་རིང་བོ་དང་དོར་མ་རིང་བོ་གྱོན་པ། གྱོན་པ་མདོག་ཆེན་མི་གྱོན་པ། ཁང་པ་ལ་འབུ་འགོག་སྒོ་དང་སྒེའུ་ཁུང་སྒྲིག་སྦྱོར་བྱ་དགོས།

རྫས་འགྱུར་འགོག་སྲུང་། ཕྱི་ལ་འགྲོ་སྐབས་སྐྱི་པགས་ཕྱིར་མངོན་པའི་སྟེང་དུ་དུག་སྦྲང་འགོག་རྫས་བྱུག་པ་དང་། དུག་སྦྲང་མང་བའི་ཁོར་ཡུག་ཏུ་དུག་སྦྲང་འགོག་པའི་སྤོས་དང་གློག་གི་དུག་སྦྲང་རྡེབ་ཆས་སོགས་ཀྱི་ལག་ཆ་བཀོལ་ནས་དུག་སྦྲང་གསོད་པར་རམ་འདེགས་བྱས་ཆོག

ལྔ། ཕྱི་རུ་གནས་སྐོར་དུ་འགྲོ་ན་ཇི་ལྟར་མཉམ་འཇོག་བྱ་དགོས།

ལམ་ལ་མ་ཆས་པའི་སྔོན་དུ དམིགས་ཡུལ་རྒྱལ་ཁབ་ཀྱི་བདེ་ཐང་བརྡ་ཁྱབ་དང་ཉེན་བརྡའི་ཆ་འཕྲིན་ལ་ལྟ་ཀློག་བྱས་ཏེ་ས་ཁུལ་གང་དག་ཏུ་ཅི་ཁུང་ཁེན་ཡ་ཚ་ནད་འབྱུང་བའི་ཉེན་ཁ་ཡོད་པ་ཤེས་རྟོགས་བྱ་དགོས།

འགྲོ་བའི་སྐབས་སུ། གལ་ཏེ་འགོས་ནད་ཀྱི་ཉེན་ཁ་ཆེ་རུ་འགྲོ་བའི་ས་ཁུལ་སམ་རིམས་ནད་འབྱུང་བཞིན་པའི་ས་ཁུལ་དུ་འགྲོ་ཚེ། གྲུང་གཤིས་དུག་སྦྲང་འགོག་པའི་གྲུབ་ཆ་འདུས་པའི་འགོག་རྫས་འཁྱེར་དགོས།

ཕྱིར་ལོག་རྗེས། བདེ་ཐང་ལ་ལྟ་ཞིབ་ཡག་པོ་བྱས་ནས་རང་ཉིད་དང་ཁྱིམ་མིའི་བདེ་ཐང་གནས་ཚུལ་ལ་དོ་སྣང་བྱ་དགོས། གལ་ཏེ་ཚ་རྒྱས་པ་དང་མགོ་ན་བ། ཤ་གནད་ཀྱི་ཚིགས་ན་བའམ་པགས་འབྲུམ་གྱི་ནད་རྟགས་བྱུང་ན། དུས་ཐོག་ཏུ་སྨན་བཅོས་བྱ་དགོས།


མཉམ་སྤྱོད།