དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེ་ཐག་རིང་འདོད་ན་ཞོགས་པ་ཡར་ལངས་དུས་སྒྲུབ་མི་རུང་བ་གསུམ་དང་ཟ་མ་ཟོས་རྗེས་བྲེལ་མི་རུང་བ་གསུམ། གཉིད་པའི་སྔོན་གྱི་མི་འོས་པ་གསུམ་ཡོད།

2025-09-22 11:47:19   |   241

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། འཚོ་བ་རོལ་སྟངས་ཀྱིས་མི་རྣམས་ཀྱི་བདེ་ཐང་དང་ཚེ་ཐག་ལ་ནུས་པ་གལ་ཆེན་ཐོན་ཞིང་། ཕལ་ཆེར60%ཟིན་ཡོད། གཞན་དག་ནི་རྒྱུད་འཛིན་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན། སྨན་བཅོས་ཀྱི་ཆ་རྐྱེན། ནམ་ཟླའི་ཤུགས་རྐྱེན་བཅས་ཡིན། དེ་བས་བདེ་ཐང་དང་ཚེ་ཐག་རིང་དགོས་ན། འཚོ་བ་སྐྱེལ་སྟངས་ལ་རག་ལས་ཆེན་པོ་ཡོད་པ་མཐོང་ཐུབ། དུས་རྒྱུན་དུ་ཞོགས་པ་ཡར་ལངས་དུས་སྒྲུབ་མི་རུང་བ་གསུམ་དང་ཟ་མ་ཟོས་རྗེས་བྲེལ་མི་རུང་བ་གསུམ། གཉིད་པའི་སྔོན་གྱི་མི་འོས་པ་གསུམ་ཡོད།

图片1.png

དང་པོ། གཉིད་པའི་སྔོན་གྱི་མི་འོས་པ་གསུམ།

1.ཟ་མ་མང་བོ་བཟའ་མི་འོས། སྤྱིར་བཏང་དུ་མི་མང་ཤོས་ཆུ་ཚོད23:00གྱི་སྔོན་ལ་གཉིད་པ་ཡིན། ཀྲུང་ལུགས་གསོ་རིག་གིས"ཕོ་བ་འཁྲུགས་ན་གཉིད་མི་ལེགས"པར་འདོད། ཆེད་མཁས་པས་བཤད་རྒྱུར། ཟ་མ་ཟ་བའི་དུས་ཚོད་ལེགས་ཤོས་ནི་ཆུ་ཚོད20:00ལས་འཕྱི་མི་རུང་། ཅིའི་ཕྱིར་ཞེ་ན། མི་རྣམས་མྱུར་དུ་གཉིད་ལོག་རྗེས། རྒྱུ་མ་དང་ཕོ་བའི་ནུར་འགུལ་ཇེ་དམའ་རུ་འགྲོ་བས། ཟ་མ་བཟའ་རྒྱུ་མང་དྲགས་ན། གཉིད་ལོག་པར་ངན་ཤུགས་ཐེབས་སྲིད།

2.འགུལ་སྐྱོད་དྲག་པོ་བྱ་མི་འོས། ནན་ཅིང་ཀླད་ཚན་སྨན་ཁང་སེམས་ཁམས་གསོ་རིག་ཚན་ཁག་གི་ཀྲུའུ་རིན་སྨན་པ་ཨོའུ་ཧུང་ཞ་ཡིས་བཤད་རྒྱུར། མིས་འགུལ་སྐྱོད་བྱས་རྗེས་ཀླད་པའི་པགས་རིམ་ཧ་ཅང་དགའ་སྤྲོའི་རྣམ་པར་གནས་ཡོད། དགའ་སྤྲོ་དེ་རིགས་སྤྱིར་བཏང་དུ་དུས་ཡུན་ངེས་ཅན་ཞིག་འགོར་ན་ད་གཟོད་རིམ་བཞིན་བརྟན་པོ་ཡིན་པས། དུས་ཡུན་ཐུང་ངུའི་ནང་གཉིད་པར་ཅུང་དཀའ་ངལ་ཡོད། གཉིད་པའི་སྔོན་གྱི་ཆུ་ཚོད་གཉིས་ཀྱི་ནང་དུ་རབ་ཡིན་ན་སྦྱོང་བརྡར་བྱ་མི་འོས། ཆ་རྐྱེན་ཡོད་མཁན་གྱིས་ཆེས་བཟང་ན་སྦྱོང་བརྡར་བྱེད་པའི་དུས་ཚོད་ཉིན་མོ་ལ་བསྣུར་དགོས།

3.ལག་འཁྱེར་ཁ་པར་ལ་བལྟ་མི་འོས། ཤར་ལྷོའི་སློབ་ཆེན་གྱི་ཁོངས་གཏོགས་ཀྲུང་ཏ་སྨན་ཁང་སེམས་ཁམས་དབང་བོ་ཚན་ཁག་གི་ཀྲུའུ་རིན་སྨན་པ་ཡོན་ཡུང་ཀུའེ་ཡིས་ཉལ་ཁྲིའི་སྟེང་ནས་ཆུ་ཚོད1ཙམ་ལ་ལག་འཁྱེར་ཁ་པར་སྤྱད་ཚེ། དེ་ལས་འཕྲོས་པའི་འོད་སྔོན་གྱིས་མིའི་ནག་སེལ་སྐུལ་རྩིའི་བསྡོམས་འབོར་ཧ་ལམ22%ཇེ་ཉུང་དུ་གཏོང་བར་བཤད། དེའི་ཐད་ཀའི་ཤུགས་རྐྱེན་ནི་མི་ལ་མགོ་ནས་མཇུག་བར་གཉིད་ཁུག་མི་ཐུབ་པ་དེ་རེད།

མཚན་མོར་ལག་འཁྱེར་ཁ་པར་སྤྱོད་སྐབས། གསལ་ཚད་ཇེ་དམའ་རུ་གཏོང་གང་ཐུབ་བྱ་དགོས་པར་མ་ཟད། ལག་འཁྱེར་ཁ་པར་སྤྱོད་པའི་དུས་ཡུན་ལའང་ཚོད་འཛིན་བྱ་དགོས། རབ་ཡིན་ན་སྐར་མ45ལས་བརྒལ་མི་རུང་།

图片2.png

གཉིས་པ། ཞོགས་པ་ཡར་ལངས་དུས་སྒྲུབ་མི་རུང་བ་གསུམ།

1.བྲེལ་འཚུབ་ངང་ཡར་ལངས་མི་རུང་། ཞོགས་པ་གཉིད་ལས་སད་རྗེས་མྱུར་དུ་ཡར་ལངས་མི་རུང་། ལྷག་པར་དུ་རྒན་རྒོན་གྱི་སྒལ་ཚིགས་ཅུང་ལྷོད་ཡོད་པས། གློ་བུར་དུ་ཉལ་བའི་རྣམ་པ་ནས་ལངས་པའི་རྣམ་པར་གྱུར་ན། རྐེད་པ་དང་རྒྱབ་ཕྱོགས་ལ་རྨས་སྐྱོན་འབྱུང་སླ་བར་མ་ཟད། ད་དུང་དབང་རྩའི་མ་ལག་ལ་ཤུགས་རྐྱེན་ཐེབས་སྲིད། ཁྲག་ཤེད་མཐོ་བ་དང་སྙིང་ནད་ཕོག་པའི་རྒན་རྒོན་ལ། གལ་ཏེ་གློ་བུར་དུ་ལུས་གནས་བསྒྱུར་ཚེ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་ཡང་སྲིད།

དེར་བརྟེན། སྔོན་ལ་ཉལ་ཁྲིའི་སྟེང་དུ་སྐར་མ་ལྔ་ཙམ་དུ་ཉལ་བ་དང་། དེ་ནས་རྐེད་པ་རྐྱོང་བ་དང་རྐང་ལག་གི་ཚིགས་རྐྱོང་བ། རིམ་བཞིན་ཙོག་ནས་འདུག་དགོས།

2.ཞོགས་ཟས་མི་བཟའ་བར་འདུག་མི་རུང་། པེ་ཅིན་སློབ་ཆེན་སྨན་ཁང་དང་པོའི་སྙིང་ཁམས་ཚན་ཁག་དང་སྙིང་ཁམས་ལྟེ་གནས་ཀྱི་ཀྲུའུ་རིན་ཧུའོ་ཡུང་གིས་ཞོགས་ཟས་དང་ཟ་མ་སྔོན་མའི་བར་ཆུ་ཚོད་བཅུ་ཡས་མས་ཡོད་པས། མིའི་ལུས་ཕུང་ལ་ནུས་ཚད་དེ་བས་མང་བོ་ཁ་གསབ་བྱ་དགོས་ཞེས་ངོ་སྤྲོད་བྱས། གལ་ཏེ་ཁོག་སྟོང་དུ་འདུག་ཡུན་རིང་ན། ཞོགས་པའི་དུས་ཀྱི་ཁྲག་ཤེད་ཇེ་མཐོ་ལ་འགྲོ་བ་དང་། ཡུན་རིང་ལ་ཞོགས་ཟས་མ་ཟོས་ན། འབྲེལ་ཡོད་སྐུལ་རྩི་འཁྲུག་སྲིད་པ་ཡིན།

3.ཞོགས་པ་སྔ་མོར་སྦྱོང་བརྡར་བྱེད་མི་རུང་། པེ་ཅིན་རྒན་རྒོན་སྨན་ཁང་ཁམས་གསོ་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ཀའོ་ཡ་ནན་གྱིས་རྒན་རྒོན་རྣམས་ཀྱིས་སྦྱོང་བརྡར་བྱེད་པ་སྔ་མི་རུང་བའི་དྲན་སྐུལ་བྱས་ཡོད། སྦྱོང་བརྡར་སྔ་དྲགས་ན་ནད་རིགས་སློང་སྲིད་དེ། ལྷག་པར་དུ་དྲོད་ཁྱད་ཆེ་བའི་སྟོན་ཁ་དང་དགུན་ཁར་ཉི་མ་ཤར་ནས་ཆུ་ཚོད་གཅིག་འགོར་རྗེས། ཕྱི་རོལ་དུ་ལུས་སྦྱོང་ལ་སོང་ན་རན་པ་ཡིན། སྔ་དྲོའི་ཆུ་ཚོད་བརྒྱད་དང་དགུ་ཡི་རྗེས་སམ་ཕྱི་དྲོའི་ཆུ་ཚོད་བཞི་དང་ལྔ་སྟེ་ཉི་མ་མ་ནུབ་པའི་སྔོན་ལ་ཕྱི་རོལ་དུ་ཆུ་ཚོད་ཕྱེད་ཀ་ནས་གཅིག་བར་འགུལ་སྐྱོད་བྱ་དགོས།

གསུམ་པ། ཟ་མ་ཟོས་རྗེས་བྲེལ་མི་རུང་བ་གསུམ།

1.དེ་མ་ཐག་འཆམ་འཆམ་ལ་འགྲོ་བར་བྲེལ་མི་རུང་། ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་གླིང་ཞི་ཡོན་སྨན་ཁང་སྙིང་ཁམས་ཁྲག་རྩའི་ནད་ལྟེ་གནས་ཀྱི་ཀྲུའུ་རིན་སྨན་པ་ཞུས་ཧའོ་ཡིས2021ལོའི་དུས་དེབ་སྟེང་སྤེལ་བའི་རྩོམ་ཡིག་ལས་དྲན་སྐུལ་བྱས་པ་ལྟར་ན། རྒན་རྒོན་ཚོས་ཟ་མ་ཟོས་རྗེས་ཁྲག་ཤེད་དམའ་བར་འགྱུར་ཚད་ཧ་ཅང་མཐོ་བ་དང་། ལྷག་པར་དུ་ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད། ཕ་ཅིན་སིན་ནད། སྙིང་ཁམས་ཁྲག་རྩའི་ནད། རང་བདག་དབང་རྩའི་ནུས་པར་གནོད་པ་ཕོག་པའི་རྒན་རྒོན་ལ་དེ་བས་འབྱུང་སླ་བ་དང་། ཟ་མ་ཟོས་རྗེས་བྲེལ་འཚུབ་ངང་འགུལ་སྐྱོད་དྲག་པོ་བྱེད་མི་རུང་། ཟ་མ་ཟོས་རྗེས་ཙོག་པུར་འདུག་པའམ་ཟུར་དུ་ལོག་ནས་འདུག་པའི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། སྐར་མ20ནས30བར་ནས་མཚམས་འཇོག་ཞོར་དྲག་ཚད་དམའ་བའི་འགུལ་སྐྱོད་བྱ་དགོས།

2.དེ་མ་ཐག་གཉིད་པར་བྲེལ་མི་རུང་། པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་ཏུང་ཀྲི་མོན་སྨན་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གི་ཀྲུའུ་རིན་སྨན་པ་གཞོན་པ་ཕིང་ཅ་ཧྲེང་གིས2022ལོའི་དུས་དེབ་ཐོག་སྤེལ་བའི་རྩོམ་ཡིག་ལྟར་ན། ཟ་མ་ཟོས་རྗེས་གཉིད་ལོག་པ་ནི་རྒྱུན་ལྡན་གྱི་སྐྱེ་ལུགས་སྣང་ཚུལ་ཞིག་ཡིན་ཞིང་། ཟ་མ་ཟོས་རྗེས་མྱུར་དུ་གཉིད་ན་ཕོ་བ་དང་རྒྱུ་མའི་ནུར་འགུལ་ཇེ་དལ་དུ་ཕྱིན་ནས་ཟས་རིགས་གང་ལེགས་སྒོས་འཇུ་མི་ཐུབ། ལྷག་པར་དུ་སྐྱུར་ལྡོག་པའི་གནས་ཚུལ་ཚབས་ཆེ་བའི་ཕོ་བ་དང་མིད་པའི་ལྡོག་རྒྱུག་ནད་པས་ཟ་མ་ཟོས་རྗེས་ཆུ་ཚོད་གཉིས་ཀྱི་ནང་ལ་འཕྲལ་མར་ཉལ་མི་རུང་།

3.དེ་མ་ཐག་ཇ་འཐུང་མི་རུང་། ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་བུད་མེད་དང་བྱིས་པའི་བདེ་སྲུང་སྨན་ཁང་འཚོ་བཅུད་ཚན་ཁག་གི་ཀྲུའུ་རིན་སྨན་པ་ཀྲང་ཞའོ་ཡན་གྱིས2017ལོའི་དུས་དེབ་ཐོག་སྤེལ་བའི་རྩོམ་ཡིག་ལྟར་ན། ཟ་མ་ཟོས་རྗེས་མྱུར་དུ་ཇ་འཐུང་བ་ནི་གོམས་གཤིས་ཡག་པོ་ཞིག་མིན། ཇའི་ནང་གི་ནག་སྐྱུར་ཕོ་རྒྱུ་ནང་དུ་སོང་རྗེས། ཕོ་བའི་གཤེར་ཁུ་དང་རྒྱུ་མའི་གཤེར་ཁུ་ཟགས་ཐོན་ལ་ཚོད་འཛིན་བྱེད་པ་དང་། ཕོ་རྒྱུ་མི་བཟང་བའི་མིའི་ངོས་ནས་བཤད་ན། འཇུ་ནུས་མི་ལེགས་པ་འབྱུང་སྲིད། རབ་ཡིན་ན་ཟ་མ་ཟོས་རྗེས་ཀྱི་ཆུ་ཚོད་གཅིག་གི་རྗེས་ལ་ཇ་འཐུང་ན་འོས་འཚམ་ཡིན།


མཉམ་སྤྱོད།