དེ་རིང་ནི2025ལོའི་ཟླ11པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སིལ་ཏོག་ཟ་བའི་སྐོར་གྱི་རྒྱུན་ཤེས་འདི་དག་ཡིད་ལ་འཛིན་དགོས།

2025-11-21 14:50:03   |   14

རྩོམ་སྒྲིག དོན་འགྲུབ་མཚོ།   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.jpg

ཉིན་རེར་སིལ་ཏོག་ག་ཚོད་ཟ་དགོས།

《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་ཕྱོགས་སྟོན》དུ་མི་དར་མ་ཞིག་གིས་ཉིན་རེར་སིལ་ཏོག་གསར་པ་ཁེ200ནས350ཟ་དགོས་པའི་གྲོས་གཞི་བཏོན་ཡོད། ཚད་འདི་ནི་ཀུ་ཤུ་འབྲིང་ཙམ་ལ་འབྲི་ཏ་ས་འཛིན་ཆུང་ངུ་ཞིག་གམ་ངང་ལག་གཅིག་དང་ཚ་ལུ་མ་གཅིག་བསྣན་པ་དང་འདྲ། དོ་སྣང་བྱ་དགོས་པ་ཞིག་ལ། སིལ་ཏོག་ཟ་སྐབས་ཐེངས་གཉིས་ནས་གསུམ་ལ་བགོས་ཏེ་ཟ་དགོས་པ་ལས་ཉིན་རེར་མཁོ་བའི་ཚད་ཐེངས་གཅིག་གིས་ཟ་མི་རུང་། དེ་ལྟར་བྱས་ན་དུས་ཡུན་ཐུང་ངུའི་ནང་མངར་ཆ་མང་དྲགས་པ་བསྡུ་བར་གཡོལ་ཐུབ་ལ། འཚོ་བཅུད་ཀྱི་གྲུབ་ཆ་དེ་བས་ལེགས་པའི་སྒོ་ནས་བསྡུ་ལེན་བྱེད་པར་ཡང་ཕན།

དམིགས་བསལ་མི་ཚོགས་ཀྱིས་སིལ་ཏོག་བསྡུ་ལེན་བྱེད་ཚད་ལ་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས་པ་སྟེ།

གཅིག གཅིན་སྙི་ཟ་ཁུའི་ནད་པ། སིལ་ཏོག་ཁྲོད་སིལ་ཏོག་གི་མངར་ཆ་དང་རྒུན་འབྲུམ་མངར་ཆ་ཡོད་པས་ཐད་ཀར་ཁྲག་མངར་གྱི་ཚད་གཞི་ལ་ཤུགས་རྐྱེན་ཐེབས་པ་རེད། དེར་བརྟེན། གཅིན་སྙི་ཟ་ཁུའི་ནད་པསGIགྲངས་ཐང་དམའ་བའི་རིགས་གདམ་དགོས་པར་མ་ཟད། སྨན་པའམ་འཚོ་བཅུད་ཆེད་མཁས་པས་བཏོན་པའི་མཛུབ་སྟོན་བརྩི་སྲུང་ནན་མོ་བྱས་ཏེ། ཟ་མ་ཐེངས་གཉིས་ཟ་བའི་བར་གསེང་དུ་སིལ་ཏོག་ཟ་དགོས། དེ་ལྟར་བྱས་ན་ཟ་མ་ཟོས་པའི་རྗེས་ལ་སིལ་ཏོག་ཟོས་པ་ལས་ཁྲག་མངར་མྱུར་དུ་ཡར་འཕར་བ་སྔོན་འགོག་བྱེད་ཐུབ།

གཉིས། ཚོ་བྱང་དུ་འཇུག་པའི་མི་ཚོགས། ཟས་རིགས་གཞན་དང་བསྡུར་ན་སིལ་ཏོག་གི་ཚ་ཚད་ཅུང་དམའ་མོད། འོན་ཀྱང་ཚད་ལས་བརྒལ་ཏེ་བསྡུ་ལེན་བྱས་ན་ཧ་ལམ་ལུས་པོའི་ཚིལ་ཞག་ཏུ་གྱུར་ནས་གསོག་འཇོག་བྱེད་སྲིད། ཚོ་བྱང་དུ་འཇུག་པའི་སྐབས་སུ་སིལ་ཏོག་འོས་འཚམ་ཟོས་ཆོག་མོད། དེ་ཉིན་ཧྲིལ་པོའི་སྤྱིའི་ཚ་ཚད་ཀྱི་ཁྱབ་ཁོངས་སུ་བརྩི་དགོས་ཏེ། སིལ་ཏོག་ལ་བརྟེན་དྲགས་པའི་དབང་གིས་སྔོན་དཔག་གི་ཚ་ཚད་དེ་སྔོན་རྩིས་ལས་བརྒལ་བར་སྔོན་འགོག་བྱ་དགོས།

གསུམ། ཕོ་རྒྱུའི་བྱེད་ནུས་ཅུང་ཞན་པའི་ནད་པ། ཟས་རིགས་ཚི་སྣ་ནི་ལུས་ཕུང་བདེ་ཐང་ལ་ཕན། ཡིན་ནའང་ཕོ་རྒྱུའི་བྱེད་ནུས་ཅུང་ཞན་པའི་མི་ལ་མཚོན་ན། ཟ་རྒྱུ་མང་དྲགས་ན་ལྟོ་བ་སྦོས་པའམ་ཁོག་པ་བཤལ་བའི་ནད་རྟགས་འབྱུང་སྲིད། མི་ཚོགས་དེའི་རིགས་ཀྱིས་འཇུ་སླ་བའི་ཟས་རིགས་གདམ་དགོས་པར་མ་ཟད། ཐེངས་རེར་ཟ་བའི་གྲངས་འབོར་ལ་ཚོད་འཛིན་ཡག་པོ་བྱ་དགོས།

སིལ་ཏོག་ནམ་ཚོད་ཟོས་ན་ལེགས་སམ།

ཟ་མ་ཟོས་རྗེས་སིལ་ཏོག་ཟོས་ན་ཞེན་པ་བསལ་བ་དང་འཇུ་སྟོབས་ལ་ཕན། མི་མང་པོས་ཟ་མ་ཟོས་རྗེས་འཕྲལ་དུ་སིལ་ཏོག་ཟ་བཞིན་ཡོད། འོན་ཀྱང་འཇུ་བྱེད་སྐྱེ་ལུགས་ཀྱི་ཐད་ནས་བལྟས་ན། དེས་འཇུ་སྟོབས་འཕེལ་བར་རོགས་རམ་བྱེད་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་ཕོ་རྒྱུའི་ཁུར་བོ་ཇེ་ལྕིར་གཏོང་སྲིད།

ཕོ་བས་ཟས་རིགས་འཇུ་བར་དུས་རིམ་ངེས་ཅན་ཞིག་དགོས། གལ་ཏེ་ཟ་མ་ཟོས་མ་ཐག་སིལ་ཏོག་ཟོས་ན། ཕོ་བ་སྟོང་བར་ཕུད་པའི་དུས་ཚོད་ཇེ་རིང་དུ་བཏང་བར་མ་ཟད། ད་དུང་སྦོས་པ་དང་ཨིག་ཀ་རྒྱག་པ། ལྡོག་རྒྱུག་བྱེད་པ། ཚ་བས་བསྲེགས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད། དུས་ཡུན་རིང་པོར་དེ་ལྟར་བྱས་ན། ཕོ་བ་མུ་མཐུད་དུ་ཐེག་ཚད་ལས་བརྒལ་བའི་ལས་ཀ་བྱེད་པའི་རྣམ་པར་གནས་སྲིད་ལ། ཡུན་རིང་འགོར་ཚེ་བྱེད་ནུས་རང་བཞིན་འཁྲུག་སྲིད་པ་དང་། ཐ་ན་དལ་གཤིས་ཕོ་བའི་གཉན་ཚད་དང་སྨུག་ནད་ཀྱང་འབྱུང་སྲིད།

གཞན་ཡང་། ཟ་མ་ཟོས་ནས་ཅུང་མ་འགོར་བར་མངར་ཆའི་འདུས་ཚད་མཐོ་བའི་སིལ་ཏོག་ཟོས་ན། ཁྲག་གི་མངར་ཆའི་འདུས་ཚད་ཇེ་མཐོར་འགྲོ་བས། དུས་ཡུན་ཐུང་ངུའི་ནང་ཁྲག་མངར་མཐོ་དྲགས་པའམ་ཡང་ན་དམའ་དྲགས་པར་འགྱུར་ངེས་རེད། བདེ་ཐང་གི་མི་དཀྱུས་མར་མཚོན་ན། གནས་ཚུལ་འདིའི་སྐབས་སུ་གནས་སྐབས་ཀྱི་མི་བདེ་བའི་ཚོར་བ་ཕྲ་མོ་ཙམ་ལས་ཧ་ལམ་མངོན་མི་སྲིད་མོད། འོན་ཀྱང་གཅིན་སྙི་ཟ་ཁུའི་ནད་པའམ་ཁྲག་མངར་ཚོད་འཛིན་ཡག་པོ་བྱས་མེད་པའི་མི་ཚོགས་ལ་མཚོན་ན། ཉེན་ཁ་ཅུང་ཆེ།

ཚན་རིག་དང་མཐུན་པའི་སྒོ་ནས་སིལ་ཏོག་ཟ་བའི་དུས་ཚོད་བཀོད་སྒྲིག་བྱ་དགོས་པ་སྟེ།

གཅིག ཟས་ཐུན་གཉིས་ཀྱི་བར་དུ་ཟ་བ། སྐབས་དེར་ཕོ་བའི་ཟས་རིགས་ཁག་ཅིག་བཞུས་ཚར་བས། སིལ་ཏོག་ཟོས་ན་ནུས་ཚད་མྱུར་དུ་ཁ་གསབ་བྱེད་ཐུབ་པར་མ་ཟད། ད་དུང་ཟ་མའི་ཚི་སྣ་བརྒྱུད་ནས་ཕོ་བ་རྒྱགས་པའི་ཚོར་བ་ཇེ་ཆེར་བཏང་སྟེ། ཐེངས་རྗེས་མར་ཟ་མ་མང་པོ་ཟ་བ་སྔོན་འགོག་བྱེད་ཐུབ། དེ་མིན་སྐབས་འདིར་སིལ་ཏོག་ཟོས་ན། མངར་ཆའི་བསྡུ་ལེན་བལྟོས་བཅས་ཀྱིས་སྙོམས་པོ་ཡིན་པས། ཁྲག་མངར་འཕར་ཆག་ཆེན་པོ་འབྱུང་མི་སྲིད།

གཉིས། ཟ་མ་མ་ཟོས་པའི་སྔོན་གྱི་དུས་ཚོད་གཅིག་གི་ནང་དུ་ཟ་བ། གལ་ཏེ་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་འདོད་ན། ཟ་མ་མ་ཟོས་པའི་སྔོན་གྱི་དུས་ཚོད་གཅིག་གི་ནང་དུGIདམའ་བའི་སིལ་ཏོག་ཉུང་ཙམ་ཟ་དགོས་ཏེ། ཟ་མའི་ཚི་སྣས་སྔོན་ལ"ཕོ་བའི་བར་སྟོང་བཟུང"ནས། ཟ་ཚད་ཇེ་ཉུང་དུ་གཏོང་ཐུབ།

གསུམ། ལུས་སྦྱོང་བྱས་རྗེས་ཀྱི་སྐར་མ་སུམ་ཅུའི་སྐབས་སུ་ཟ་བ། ལུས་རྩལ་སྦྱོང་སྐབས་ལུས་ཕུང་གིས་མངར་ཆ་འབོར་ཆེན་ཟད་གྲོན་བྱེད་སྲིད་པས། སྐབས་དེར་སིལ་ཏོག་ཟོས་ན་མྱུར་དུ་མངར་ཆ་ཁ་གསབ་དང་ལུས་ཤུགས་སླར་གསོ་ལ་རོགས་རམ་བྱེད་ཐུབ་པར་མ་ཟད། ཕོ་རྒྱུའི་ཁུར་བོ་ཡང་ཇེ་ལྕིར་མི་གཏོང་བ་རེད།

རྒྱུན་དུ་སིལ་ཏོག་ཟོས་ན་རྒས་པར་འགྱུར་སླའམ།

མི་མང་ཆེ་བའི་བསམ་པར་སིལ་ཏོག་ནི་བདེ་ཐང་གི་མཚོན་རྟགས་ཡིན། ནངས་ཇའི་སྐབས་སུ་ཟ་མའི་སྤོད་ཡ་ལ་མར་སིལ་བྱེད་པ་དང་། ཕྱི་ཇའི་སྐབས་སུ་འབྲི་ཏ་ས་འཛིན་དང་འབྲུ་སེའུ་སྔོན་པོ་ཞོ་ཁར་འདེབས་པ། དགོང་ཇ་འཐུངས་རྗེས་ཡང་བསྐྱར་ཞིམ་མངར་ཅན་གྱི་སིལ་ཏོག་སྡེར་མ་གང་ཟ་བ་ཡིན། འདི་ལྟ་བུའི་བཟའ་བཅའི་སྡེབ་སྦྱོར་ནི་བདེ་ཐང་འཚོ་བ་ཞིག་ཡིན་པར་འདོད་ཀྱིན་ཡོད་མོད། འོན་ཀྱང་ནོར་འཁྲུལ་ཅན་གྱི་སིལ་ཏོག་ཟ་སྟངས་དེས་སིལ་ཏོག་གི་འཚོ་བཅུད་འདོན་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་རྒས་པ་དང་། ལུས་པོའི་ཁུར་བོ་ཇེ་ལྕིར་འགྲོ་བ། ཐ་ན་དལ་ནད་ཀྱང་སློང་སྲིད་པས། མ་གཞི་ལུས་ཁམས་གསོ་བར་བྱེད་པའི་སིལ་ཏོག་ཀྱང"བདེ་ཐང་གི་མངོན་མེད་རྐྱེན་ངན"དུ་འགྱུར་བ་རེད།

ཚད་ལས་བརྒལ་ཏེ་ཟོས་ན་རྒས་པར་འགྱུར་སླའམ།

"སིལ་ཏོག་མང་ཙམ་ཟོས་ན་འཚོ་རྒྱུ་ཁ་གསབ་བྱེད་ཐུབ"ཅེས་པ་ནི་མི་མང་པོའི་བག་ལ་ཉལ་བའི་བསམ་ཚུལ་རེད་ལ། ལྷག་པར་ལུས་ཟུངས་གསོ་བར་དོ་སྣང་བྱེད་པའམ་ཡང་ན་ཚོ་བྱང་འདོད་པའི་མི་ལ་མཚོན་ན། སིལ་ཏོག་འབོར་ཆེན་གྱིས་ཟ་མའི་ཚབ་བྱེད་པ་ནི་ལུགས་མཐུན་གྱི་གདམ་ག་ཞིག་ཏུ་གྱུར་ཡོད། འོན་ཀྱང་དོན་དངོས་ཀྱིས་བདེན་དཔང་བྱས་པ་ལྟར་ན། སིལ་ཏོག་ཚད་ལས་བརྒལ་བར་ཟོས་ན་འཚོ་བཅུད་དོ་སྙོམས་མི་ཡོང་བར་མ་ཟད། ལུས་པོ་རྒས་ཚད་ཇེ་མགྱོགས་སུ་གཏོང་བའི"མངོན་མེད་རྐྱེན་ངན"དུ་འགྱུར་སྲིད།

སིལ་ཏོག་གི་གྲུབ་ཆ་གཙོ་བོ་ནི་ཆུ་དང་ཐཱན་ཆུ་འདྲེས་སྦྱོར་རྫས་ཡིན་ཞིང་། སྤྲི་དཀར་རྫས་དང་ཚིལ་ཞག་གི་འདུས་ཚད་ཧ་ཅང་དམའ། གལ་ཏེ་ཉིན་རེར་སིལ་ཏོག་འབོར་ཆེན་ཟོས་ཏེ་ཡུན་རིང་འགོར་ན། དགོས་ངེས་ཚིལ་སྐྱུར་དང་ཚིལ་ཞུ་རང་བཞིན་གྱི་འཚོ་བཅུད། སྤུས་ལེགས་སྤྲི་དཀར་རྫས་བཅས་མི་འདང་བའི་གནས་ཚུལ་འབྱུང་སླ།

སྤྲི་དཀར་རྫས་ནི་ལུས་པོའི་ཕྲ་ཕུང་གྲུབ་པ་དང་ཕུང་གྲུབ་སླར་གསོ་བྱེད་པའི་དངོས་རྫས་གཙོ་བོ་རེད། དེ་ཉིད་དཀོན་པོར་གྱུར་ན་ཤ་གནད་ཉམས་པ་དང་། རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ། སྐྱི་པགས་རེངས་པར་འགྱུར་བ་བཅས་ཀྱི་གནས་ཚུལ་འབྱུང་། ཚིལ་ཞུ་རང་བཞིན་གྱི་འཚོ་བཅུད་དེ་ཚིལ་གྱི་ནང་དུ་ཞུ་ན་ད་གཟོད་བསྡུ་ལེན་བྱེད་ཐུབ། གལ་ཏེ་དུས་ཡུན་རིང་པོར་ཤ་རིགས་དང་ཤུན་མཁྲེགས་སིལ་ཏོག་སོགས་ཚིལ་གྱི་འབྱུང་ཁུངས་ཉུང་ངུ་ལས་མ་ཟོས་ན། བསྡུ་ལེན་མ་འདང་བའི་དབང་གིས་སྐྱི་པགས་སྐམ་པ་དང་མིག་དབང་ཇེ་ཞན་དུ་འགྲོ་སྲིད། དགོས་ངེས་ཚིལ་སྐྱུར་ནི་ཕྲ་ཕུང་སྐྱི་མོའི"འཛུགས་སྐྲུན་རྒྱུ་ཆ"ཡིན་པས། དེ་མ་འདང་ན་སྐྱི་པགས་ཀྱི་སྲུང་ཡོལ་བྱེད་ནུས་ཉམས་ཞན་དུ་གྱུར་ནས། ཚོར་བ་སྐྱེན་པ་དང་ཤུ་བ་ཐོན་པ་སོགས་ཀྱི་ནད་རྟགས་བྱུང་སྟེ། བལྟས་ཚོད་ཀྱིས་ན་མཉམ་ཚོ་ལས་རྒས་འདུག་པའི་ཚོར་བ་སྟེར་རོ།


སྐབས་སྔོན་མ། ཁོག་པ་བཤལ་བ།
སྐབས་རྗེས་མ། མེད།
མཉམ་སྤྱོད།