དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྒྱལ་གཟེར།

2025-11-26 15:49:03   |   187

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

བརྒྱལ་གཟེར་ནི་ཅུང་རྒྱུན་མཐོང་གི་དབང་རྩའི་མ་ལག་གི་ནད་རིགས་ཤིག་ཡིན། བརྒྱ་ཆའི་དགུ་བཅུའི་ཡན་གྱི་ནད་རིགས་ཕལ་ཆེར་ཐོག་དང་པོར་བྱིས་པའི་དུས་དང་། ལང་ཚོ་དར་དུས་དང་གཞོན་ནུའི་དུས་སུ་འབྱུང་བ་ཡིན། ནད་འདི་ནི་ཀླད་པའི་ནང་ངམ་ཡང་ན་ཕྱིའི་ནད་རིགས་འགའི་རྐྱེན་གྱིས་བསྐྱེད་པའི་ནད་ཐོག་འདུས་རྟགས་ཤིག་ཡིན་པ་ལས་རྐྱང་བའི་ནད་རིགས་ཤིག་མིན། དེའི་རྒྱུ་རྐྱེན་ནི་རྒྱུན་པར་ཁྱད་བྱུང་རང་བཞིན(གདོད་འབྱུང་རང་བཞིན)དང་ནད་རྟགས་རང་བཞིན(མཐུད་འབྱུང་རང་བཞིན)གཉིས་སུ་དབྱེ་ཡོད། སྔ་མའི་རྒྱུ་རྐྱེན་གསལ་བོ་མི་གསལ་ཡང་ཁྱིམ་བརྒྱུད་དང་འཕོ་ལེན(代谢)བར་ཁེགས་ལ་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད། ཕྱི་མ་ནི་ཀླད་རུས་ནང་གི་ནད་འགྱུར་རམ་ཡང་ན་ལུས་ཡོངས་ཀྱི་ནད་འགྱུར་གྱིས་བསྐྱེད་པ་ཡིན། སེམས་ཁམས་འཚབ་པ་དང་། ངལ་དུབ། ཟླ་མཚན་འཛག་པ། ཆང་འཐུང་བ་སོགས་ནི་ཁྱད་བྱུང་རང་བཞིན་དང་ནད་རྟགས་རང་བཞིན་གྱི་སློང་རྐྱེན་ཡིན།

ནད་རྟགས།

ནད་འདིའི་མངོན་ཚུལ་སྣ་ཚོགས་ཡོད། རྒྱུན་མཐོང་དུ་ཆེས་ཆེར་ལྡང་བ་དང་། ཆུང་ངུར་ལྡང་བ། ཁོལ་བུའི་རང་བཞིན་གྱི་བརྒྱལ་གཟེར། སེམས་ཁམས་འགུལ་སྐྱོད་རང་བཞིན་གྱི་བརྒྱལ་གཟེར་སོགས་ཡོད། འདི་དག་ལས་ཕལ་ཆེར་གྱིས་ནད་པ་ལ་ཕྱི་དམས་ཕོག་ཕྱིར་དེའི་ཁྱད་ཆོས་རྒྱུས་ལོན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། ནད་ཐོག་གི་མངོན་ཚུལ་གཙོ་བོ་ནི། ཤེས་པ་ཤོར་བ་དང་། འདར་འཁུར་འབྱུང་བ། ཚོར་བ་མེད་པ། སྐྱེ་དངོས་དབང་རྩའི་ནུས་པ་འཁྲུགས་པ་དང་སེམས་ཁམས་རྒྱུན་འགལ་ཏུ་འབྱུང་བ་ཡིན། ཁྱད་ཆོས་གཙོ་བོ་ནི་གློ་བུར་རང་བཞིན་དང་། གནས་སྐབས་རང་བཞིན། བསྐྱར་ལོག་རང་བཞིན།

གཅིག་ བརྒྱལ་གཟེར་ཆེས་ཆེར་ལྡང་ན། 

1 གློ་བུར་དུ་ཤེས་པ་ཤོར་བ་དང་། ནད་མ་བྱུང་བའི་སྔོན་དུ་ནད་པ་ཁ་ཤས་ལ་སྐྱུགས་མེར་ལངས་པ་དང་། གསུས་སྟོད་མི་བདེ་བ་དང་། དངངས་པ་དང་ཟི་འཁོར་སོགས་ཀྱི་སྔ་ལྟས་ཡོད། སྔ་ལྟས་འདི་དག་སྐར་ཆ་འགའ་ལ་རྒྱུན་མཐུད་དེ་འབྱུང་བ་ཡིན། 

2 ནད་པ་དེ་མ་ཐག་སར་འགྱེལ་བ་དང་འཁུམ་འདར་འབྱུང་བ་ཡིན། ཐོག་མར་ལུས་ཡོངས་ཀྱི་ཤ་རྣམས་བསྟུད་མར་བསྐུམས་པ་དང་། ལག་པ་གཉིས་འཁུམས་པའམ་རེངས་པ་དང་། སྤར་བ་བཅིངས་པ་དང་། རྐང་པ་གཉིས་དྲང་ངེར་བསྲིངས་ཤིང་ནང་དུ་བསྒྱུར་ཏེ་སྐར་མ10ཙམ་འགོར་བ་ཡིན། 

3 དེ་ནས་ལུས་ཡོངས་ཀྱི་ཤ་རྣམས་རེས་བསྐུམས་རེས་ལྷོད་ཀྱིས་འཁུམ་འདར་འབྱུང་སྟེ་སྐར་ཆ40ཙམ་འགོར་བ་དང་། ནད་པ་ཕལ་ཆེར་གྱིས་སྐད་རྒྱག་པ་དང་། དབུགས་ཀྱི་འབྱིན་རྔུབ་ཆད་པ་དང་ལུས་ཡོངས་སྨུག་པོར་འགྱུར་བ། ལྕེ་ལ་སོ་བཏབ་སྟེ་རྨས་པ་དང་། ཁ་ནས་ཁྲག་འདྲེས་པའི་ལྦུ་བ་སྐྱུགས་པ་ཡིན།

4 དེ་ནས་བརྒྱལ་འབོག་ཏུ་གནས་པ་དང་། རིམ་བཞིན་སངས་པ་ཡིན། ནད་བྱུང་བའི་བརྒྱུད་རིམ་ཧྲིལ་བོར་ཕལ་ཆེར་སྐར་མ5ཙམ་འགོར་བ་ཡིན།

5 ནད་པ་སངས་རྗེས་མགོ་དང་ཉྭ་ཤ་རྣམས་ན་བ་དང་། ནད་བྱུང་བའི་བརྒྱུད་རིམ་ལ་ངོས་བཟུང་གཅིག་ཀྱང་མེད།

གཉིས། བརྒྱལ་གཟེར་ཆུང་ངུ་བྱུང་ན།

1 སྐར་མ5ནས15ཡི་བར་ཤེས་པ་ཤོར་བ་ཡིན། 

2 སྒྲུབ་བཞིན་པའི་བྱ་བ་དང་འགུལ་སྐྱོད་གློ་བུར་དུ་མཚམས་ཆད་པ་དང་། དྲོད་ངེར་ལངས་པའམ་ཙོག་པ་དང་། ཕྱི་རོལ་ཡུལ་ལ་ཚོར་བ་གཅིག་ཀྱང་མེད་པའམ་ཡང་ན་མིག་གི་འབུར་ཚུགས་སུ་ལྟ་བ་དང་། ལག་གི་དངོས་པོ་ཅི་ཡིན་མི་ཤེས་པར་སར་ལྷུང་བ་ཡིན། སྐར་ཆ་འགར་རྒྱུན་མཐུད་དེ་འབྱུང་བ་ཡིན།

སྔོན་འགོག

ཆམ་རིམས་ཀྱི་ནད་ལ་འཛེམ་པ་དང་། ཀླད་རིམས་ན་མཁན་ལ་འབྲེལ་འདྲིས་མི་བྱེད་པ་དང། ཟས་སུ་ཞོ་དང་འོ་མ་སོགས་དཀར་ཟས་དང་། ཀ་ར་དང་བུ་རམ་མངར་བའི་ཟས་རིགས་མི་འཕྲོད་པས་སྤང་དགོས།

གསོ་ཐབས།

1 མྱུར་དུ་ནད་པ་ཁྱེར་ཏེ་མཁའ་རླུང་རྒྱུ་བཟང་བའི་སར་འཇོག་པ་དང་། ཕྱི་ཤུགས་ཀྱིས་ནད་པ་བཀག་འགོག་མི་བྱེད་ཅིང་། རུས་པའི་ཚིགས་ཤོར་བ་དང་རུས་ཆག་འབྱུང་བར་དོགས་ཟོན་བྱེད་དགོས།

2 དཔེར་ན་ཁྱིམ་དུ་དབྱང་དབུགས་གྲ་སྒྲིག་བྱས་ཡོད་ན། མྱུར་དུ་ནད་པར་དབྱང་དབུགས་རྔུབ་ཏུ་འཇུག་དགོས།

3 ཡང་ན་རིན་ཀྲོན(人中)ཧུ་ཀོ(合谷)གཉིས་ལ་སྐམ་ཁབ་གཙགས་དགོས།

4 བརྒྱལ་གཟེར་འགོག་པའི་སྨན་རང་འདོད་ཀྱིས་མཚམས་གཅོད་པའམ་བརྗེས་ན་མི་ཆོག་པར་ངེས་པར་དུ་སྨན་པའི་མཛུབ་སྟོན་འོག་བསྟེན་དགོས།

5 ཁྱིམ་དུ་ལྷིང་འཇགས་སྨན་གྲ་སྒྲིག་བྱེད་དགསོ། དཔེར་ན། ལྷིང་འཇགས(安定)དང་ལོ་མི་ན་ན鲁米那钠)སོགས། 

6 གལ་ཏེ་དུས་ཚོད་ཐུང་ངུའི་ནང་ཆེས་ཆེར་མུ་མཐུད་དུ་འབྱུང་བ་དང་། བར་མཚམས་གཅིག་ལས་གཅིག་ཐུང་བ་དང་། ནད་པ་བརྒྱལ་འབོག་ཏུ་གནས་ན་དེ་ལ་བརྒྱལ་འབོག་རྒྱུན་མཐུད་ཀྱི་རྣམ་པ་ཟེར། ནད་ཚབས་ལྕི་ན་དེ་མ་ཐག་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་དགོས། 

7 བོད་ལུགས་གསོ་རིག་ལྟར་ན། སྨན་དུ་མགོ་ཐང་གསུམ་པ་དང་། སྤྲུ་ནག་ཉེར་དགུ། བྱུ་དམར་ཉེར་ལྔ། ཞི་ཏིག(ཞི་བྱེད་དྲུག་པ་དང་ཏིག་ཏ་བརྒྱད་པ་བསྲེས་པ) འཆི་མེད་སྲིན་སེལ། གཙོ་བོ་ཉེར་ལྔ། གསེར་མདོག་ལྔ་པ། ལོ་གྱོན་མ། གུར་ཁྱུང་། བླ་མེད། བསམ་ཁྱུང་།(བསམ་འཕེལ་ནོར་བུ་དང་ཁྱུང་ལྔ་བསྲེས་པ)རྟ་ཟི་དམར་པོ་སོགས་ནད་རྟགས་དང་འཚམ་པའི་སྒོ་ནས་གཏོང་བ་དང་། སྣ་རུ་གུ་གུལ་ནག་པོ་དང་སྤོས་དཀར་བདུག་ན་ཡང་ཕན།


མཉམ་སྤྱོད།