དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི1892ལོའི་ཕོ་ལན་ཡི་གེའི་པར་གཞིའི་གླེང་གཞི།

2025-05-22 09:00:27   |   256

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


མིག་སྔར《གུང་ཁྲན་རིང་ལུགས་ཀྱི་བསྒྲགས་གཏམ》གྱི་ཕོ་ལན་ཡི་གེའི་པར་གཞི་གསར་པ་པར་སྐྲུན་བྱེད་དགོས་པའི་དོན་དངོས་དེའི་ཐོག་ནས་བསམ་བློ་མང་པོ་ཞིག་འཁོར་བྱུང་།

ཐོག་མར་དོ་སྣང་བྱེད་དགོས་པ་ཞིག་ནི། ཉེ་ཆར《བསྒྲགས་གཏམ》འདི་ཚད་ངེས་ཅན་ཞིག་གི་ཐོག་ནས་ཡོ་རོབ་གླིང་གི་སྐམ་ས་ཆེན་པོའི་བཟོ་ལས་ཆེན་པོ་འཕེལ་རྒྱས་ཀྱི་ཚད་འཇལ་ཚད་གཞི་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་གང་ཞིག་གི་བཟོ་ལས་ཆེན་པོ་འཕེལ་རྒྱས་ཕྱིན་ན། རྒྱལ་ཁབ་དེའི་བཟོ་པ་རྣམས་ཀྱིས་ཁོ་ཚོ་བཟོ་པ་གྲལ་རིམ་ཞིག་གི་ཆ་ནས་འབྱོར་ལྡན་གྲལ་རིམ་གྱི་མདུན་དུ་གོ་གནས་ག་འདྲ་ཞིག་ཏུ་གནས་ཡོད་པ་དེ་ཤེས་འདོད་པའི་རེ་བའང་དེ་ལས་ཀྱང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། བཟོ་པའི་ནང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་ཡང་དེ་ལས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད།《བསྒྲགས་གཏམ》གྱི་དགོས་མཁོ་ཡང་དེ་ཙམ་གྱིས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དེའི་ཕྱིར། རྒྱལ་ཁབ་གང་ཞིག་གི་ཡི་གེའི《བསྒྲགས་གཏམ》འགྲེམས་སྤེལ་བྱས་པའི་གྲངས་ཀ་གཞིར་བཟུང་ན། རྒྱལ་ཁབ་དེའི་བཟོ་པའི་ལས་འགུལ་གྱི་གནས་ཚུལ་ཧ་ཅང་ཡང་དག་ངང་ཚོད་དཔག་བྱེད་ཐུབ་པར་མ་ཟད། རྒྱལ་ཁབ་དེའི་བཟོ་ལས་ཆེན་པོའི་འཕེལ་ཚད་ཀྱང་ཧ་ཅང་ཡང་དག་གིས་ཚོད་དཔག་བྱེད་ཐུབ།

དེར་བརྟེན།《བསྒྲགས་གཏམ》གྱི་ཕོ་ལན་ཡི་གེའི་པར་གཞི་གསར་པ་དེས་ཕོ་ལན་བཟོ་ལས་ཀྱི་འཕེལ་རྒྱས་ཆེན་པོ་མཚོན་བཞིན་ཡོད། ལོ་བཅུའི་སྔོན་ལ་པར་གཞི་སྔོན་མ་དེ་ཐོན་པ་ནས་བཟུང་ཡར་རྒྱས་དེ་འདྲ་ཞིག་དངོས་གནས་བྱུང་ཡོད་ཅིང་། དེ་ལ་ཐེ་ཚོམ་སྤུ་ཙམ་ཡང་སྐྱེས་མི་དགོས། ཨུ་རུ་སུའི་ཕོ་ལན་ཏེ། གྲོས་ཚོགས་ཅོག་ཙེའི་ཐོག་གི་ཕོ་ལན33ནི། སྔ་ས་ནས་ཨུ་རུ་སུ་བཙན་རྒྱལ་གྱི་བཟོ་ལས་ས་ཁུལ་ཧ་ཅང་རྒྱ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཨུ་རུ་སུའི་བཟོ་ལས་ཆེན་པོ་རྣམས་ས་གནས་ཁག་ཏུ་ཐར་ཐོར་ངང་ཡོད་དེ། ཁག་ཅིག་ཧྥིན་ལན་མཚོ་ཁུག་གི་འགྲམ་ངོགས་སུ་ཡོད་པ་དང་། ཁག་ཅིག་དབུས་ཁུལ(མོ་སི་ཁོ་དང་ཧྥུ་ལ་ཅི་སྨིར)དུ་ཡོད། ཁག་ཅིག་མཚོ་ནག་རྒྱ་མཚོ་དང་ཡ་སོ་རྒྱ་མཚོའི་འགྲམ་དུ་ཡོད། ད་དུང་ཁག་ཅིག་ས་གནས་གཞན་དག་ཏུ་ཐར་ཐོར་དུ་ཡོད། ཕོ་ལན་གྱི་བཟོ་ལས་ཆེན་པོ་ནི་ས་ཁུལ་ཅུང་ཟད་དོག་པོ་ནང་གཅིག་འདུས་བྱས་ཡོད། འདི་འདྲའི་གཅིག་འདུས་ལས་བྱུང་བའི་དགེ་མཚན་དང་གནོད་སྐྱོན་ཚང་མ་ཕོ་ལན་གྱི་བཟོ་ལས་ཀྱིས་ཚོར་གྱིན་ཡོད་པ་རེད། དགེ་མཚན་འདི་རིགས་ནི་འགྲན་ཡ་ཨུ་རུ་སུའི་བཟོ་གྲྭའི་བདག་པོས་ཁས་ལེན་གྱིན་ཡོད། ཁོ་ཚོས་ཕོ་ལན་གྱི་མི་རྣམས་ཨུ་རུ་སུའི་མིར་སྒྱུར་གང་ཐུབ་བྱེད་བཞིན་ཡོད་ཀྱང་། དུས་མཚུངས་སུ་ཕོ་ལན་བཀག་འགོག་བྱེད་པའི་སྲུང་སྐྱོང་སྒོ་ཁྲལ་ལག་བསྟར་བྱེད་དགོས་པའི་བླང་བྱ་འདོན་བཞིན་ཡོད། འདི་འདྲའི་གནོད་སྐྱོན་ནི་ཕོ་ལན་གྱི་བཟོ་གྲྭའི་བདག་པོ་དང་ཨུ་རུ་སུའི་སྲིད་གཞུང་གཉིས་ཀའི་གནོད་སྐྱོན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཕོ་ལན་གྱི་བཟོ་པའི་ནང་ལ་མགྱོགས་མྱུར་ངང་བརྒྱུད་སྒྲོག་བྱུང་བ་དང《བསྒྲགས་གཏམ》གྱི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དེའི་ཐོག་ནས་མཚོན་ཐུབ།

ཡིན་ནའང་། ཕོ་ལན་གྱི་བཟོ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ(དེ་ཨུ་རུ་སུའི་བཟོ་ལས་ལས་བརྒལ་ཟིན)དེ་ནི། ཕོ་ལན་མི་དམངས་ལ་སྐྱེ་སྟོབས་ཀྱི་ནུས་ཤུགས་ཆེན་པོ་ཡོད་པའི་ར་སྤྲོད་གསར་པ་ཞིག་ཡིན་པ་དང་། ཕོ་ལན་མི་དམངས་ཀྱིས་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་ཁག་ཐེག་གསར་པ་ཞིག་ཀྱང་རེད། རང་བཙན་སྟོབས་ལྡན་གྱི་ཕོ་ལན་བསྐྱར་དར་ཞིག་ནི་ཕོ་ལན་པ་རྣམས་དང་འབྲེལ་བ་ཡོད་པར་མ་ཟད། ང་ཚོ་ཚང་མ་དང་ཡང་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཡིན། ཡོ་རོབ་གླིང་གི་མི་རིགས་ཁག་བར་གྱི་ལྷག་བསམ་རྣམ་དག་གི་རྒྱལ་སྤྱིའི་མཉམ་ལས་ནི། མི་རིགས་ཚང་མས་རང་ཉིད་ཀྱིས་རྦད་དེ་རང་ཁྱིམ་རང་བདག་བྱེད་ཐུབ་པའི་སྐབས་སུ་ད་གཟོད་མངོན་འགྱུར་བྱེད་ཐུབ། 1848ལོའི་གསར་བརྗེ་དེས་འབྱོར་མེད་གྲལ་རིམ་གྱི་དར་ཆའི་འོག་འབྱོར་མེད་གྲལ་རིམ་གྱི་འཐབ་འཛིང་པས་མཐར་ཐུག་ན་འབྱོར་ལྡན་གྲལ་རིམ་གྱི་ལས་ཀ་ཙམ་ལས་བྱེད་མ་ཐུབ། ཐེངས་དེའི་གསར་བརྗེ་ཡང་རང་ཉིད་ཀྱི་ཁ་ཆེམས་ལག་བསྟར་མཁན34ལུའུ་དབྱི•པོ་ན་པ་དང་པི་སི་མེ་ལ་བརྟེན་ནས་དབྱི་ཐ་ལི་དང་། འཇར་མན། ཧང་ག་རི་བཅས་ལ་རང་བཙན་ཐོབ། ཕོ་ལན་ལ་མཚོན་ན། 1792ལོ་ནས་བཟུང་དེས་གསར་བརྗེར་བཞག་པའི་བྱས་རྗེས་དེ་གོང་གསལ་རྒྱལ་ཁབ་འདི་གསུམ་གྱིས་བཞག་པའི་བྱས་རྗེས་ཀྱི་སྡོམ་འབོར་ལས་ཀྱང་ཆེ་རུང་། 1863ལོར་དེས་རང་ཉིད་ལས་སྟོབས་ཤུགས་ལྡབ་བཅུའི་ཆེ་བའི་ཨུ་རུ་སུའི་གནོན་ཤུགས་ཀྱི་ཕམ་ཁ་མྱོང་སྐབས། རིས་སུ་གཡུགས་ནས་ཁ་ཡ་བྱས་མ་སོང་། ཕོ་ལན་གྱི་སྐུ་དྲག་ཚོས་ཕོ་ལན་གྱི་རང་བཙན་སྲུང་འཛིན་བྱེད་མ་ཐུབ་ལ། ཕོ་ལན་ལ་ཡང་བསྐྱར་རང་བཙན་ཐོབ་པར་བརྩོན་ལེན་ཡང་བྱེད་མ་ཐུབ། འབྱོར་ལྡན་གྲལ་རིམ་གྱིས་བལྟས་ན། ཕོ་ལན་རང་བཙན་ཡོང་བ་བྱེད་རྒྱུ་དེ་དེ་རིང་མ་མཐར་ཡང་འབྲེལ་མེད་དོན་གཞན་གྱི་བྱ་བ་ཞིག་ཏུ་བརྩི་བཞིན་ཡོད། ཡིན་ནའང་རང་བཙན་ཡོང་བ་བྱེད་རྒྱུ་དེ་ནི་ཡོ་རོབ་གླིང་གི་མི་རིགས་ཁག་གི་ཞི་མཐུན་གྱི་མཉམ་ལས་མངོན་འགྱུར་བྱེད་རྒྱུར་ངེས་པར་དུ་དགོས་པ་ཞིག་རེད། རང་བཙན་དེ་ལོ་ན་གཞོན་པའི་ཕོ་ལན་འབྱོར་མེད་གྲལ་རིམ་ཁོ་ནས་ད་གཟོད་བརྩོན་ལེན་བྱེད་ཐུབ་ཅིང་། ཕོ་ལན་གྱི་འབྱོར་མེད་གྲལ་རིམ་གྱི་ལག་ནས་ཧ་ཅང་ཡག་པོས་རྒྱུན་མཐུད་བྱེད་ཐུབ། རྒྱུ་མཚན་ནི། ཡོ་རོབ་གླིང་གི་རྒྱལ་ཁབ་ལྷག་མ་ཡོད་ཚད་ཀྱི་བཟོ་པ་རྣམས་ལའང་ཕོ་ལན་གྱི་བཟོ་པ་ཉིད་དང་འདྲ་བར་ཕོ་ལན་ལ་རང་བཙན་ཐོབ་པར་དགོས་མཁོ་ཡོད་པས་རེད།

ཧྥུ•ཨེན་ཀེ་སིས།

1892ལོའི་ཟླ2པའི་ཚེས10ཉིན་ལོན་ཏོན་དུ་བྲིས།


མཉམ་སྤྱོད།