དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི1893ལོའི་དབྱི་ཐ་ལིའི་ཡི་གེའི་པར་གཞིའི་གླེང་གཞི།

2025-05-28 10:26:48   |   171

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


དབྱི་ཐ་ལིའི་ཀློག་མཁན་ལ་ཞུ་གསོལ།

《གུང་ཁྲན་ཏང་གི་བསྒྲགས་གཏམ》སྤེལ་བ་དེ། ཏག་ཏག1848ལོའི་ཟླ3པའི་ཚེས18ཉིན་དང་འཁེལ་ཡོད་ཅེས་བཤད་ཆོག སྨི་ལན་དང་པོ་ལིན་ལ་གསར་བརྗེ་བྱུང་བ་དང་འཁེལ་ཡོད་དེ། འདི་ནི་མི་རིགས་གཉིས་ཀྱི་དྲག་པོའི་འོས་ལངས་རེད། དེའི་ཁྲོད་གཅིག་ནི་ཡོ་རོབ་གླིང་གི་སྐམ་ས་ཆེན་པོའི་ལྟེ་བར་གནས་ཡོད་པ་དང་། གཞན་ཞིག་ནི་ས་དབུས་རྒྱ་མཚོའི་རྒྱལ་ཁབ་ཁག་གི་ལྟེ་བར་གནས་ཡོད། མི་རིགས་འདི་གཉིས་ནི་དེ་སྔ་བཅད་བཟུང་དང་ནང་ཁུལ་འཁྲུག་རྩོད་ཀྱི་རྐྱེན་གྱིས་སྟོབས་ཤུགས་ཇེ་ཞན་དུ་སོང་བ་མ་ཟད། དེའི་དབང་གིས་མི་རིགས་གཞན་གྱི་དབང་སྒྱུར་བྱེད་ཡུལ་དུ་གྱུར། དབྱི་ཐ་ལི་ནི་ཨོ་སི་ཁྲུ་རི་ཡའི་གོང་མའི་དབང་སྒྱུར་བྱས་ཡོད་ལ། འཇར་མན་ནི་ཨུ་རུ་སུའི་ཧྲ་ཧོང་གོང་མ་ལྟ་བུའི་ཐད་ཀར་གྱི་གཉའ་གནོན་ཐེབས་པ་མིན་ཡང་། དེ་ལྟ་བུའི་གཉའ་གནོན་ཞིག་ཚོར་ཐུབ་པ་ཡིན། 1848ལོའི་ཟླ3པའི་ཚེས18ཉིན་གྱི་མཇུག་འབྲས་ཀྱིས་དབྱི་ཐ་ལི་དང་འཇར་མན་གཉིས་ངོ་ཚ་དེ་ལས་ཐར་ཐུབ་པ་བྱུང་། གལ་སྲིད་རླབས་ཆེན་གྱི་མི་རིགས་འདི་གཉིས1848—1871ལོར་བསྐྱར་དར་བྱེད་ཐུབ་པ་མ་ཟད། རྣམ་པ་འདིའི་ཐོག་ནས་ཡང་བསྐྱར་རང་བཙན་ཡང་ཐོབ་ཐུབ་པ་བྱུང་ཡོད་ན། འོ་ན་དེ་ནི་མར་ཁེ་སིས་གསུངས་པ་ལྟར། 1848ལོའི་གསར་བརྗེ་ལ་དྲག་གནོན་བྱེད་མཁན་དེ་ཚོས་རང་གི་འདོད་བློ་དང་འགལ་ཏེ་ཐེངས་དེའི་གསར་བརྗེའི་ཁ་ཆེམས་ལག་བསྟར་བྱེད་མཁན་དུ་གྱུར་པའི་རྐྱེན་གྱིས་རེད།

ཐེངས་དེའི་གསར་བརྗེ་ནི་ཚང་མ་བཟོ་པ་གྲལ་རིམ་གྱིས་བྱས་པ་ཞིག་རེད། རྒྱ་སྲང་གི་འཛིང་རགས་བཟོ་མཁན་དང་རང་སྲོག་བློས་གཏོང་མཁན་ཚང་མ་བཟོ་པ་གྲལ་རིམ་རེད། ཕ་རི་སིའི་བཟོ་པ་ཁོ་ནར་སྲིད་གཞུང་རྩ་གཏོར་གཏོང་བ་དང་ཆབས་ཅིག་འབྱོར་ལྡན་གྲལ་རིམ་གྱི་དབང་སྒྱུར་ཡང་རྩ་གཏོར་གཏོང་རྒྱུའི་དམིགས་ཡུལ་གསལ་བོ་ཡོད། ཡིན་ནའང་། ཁོ་ཚོས་རང་ཉིད་དང་འབྱོར་ལྡན་གྲལ་རིམ་བར་དུ་འགྲན་རྒོལ་གཡོལ་ཐབས་མེད་པ་ཞིག་གནས་ཡོད་པ་དེར་ངོས་ཟིན་བྱུང་ཡོད་རུང་། ཧྥ་རན་སིའི་དཔལ་འབྱོར་གྱི་འཕེལ་ཚད་དང་ཧྥ་རན་སིའི་བཟོ་པ་མང་ཚོགས་ཀྱི་བསམ་བློའི་འཕེལ་ཚད་ག་འདྲ་ཡིན་ནའང་། དེ་ཚང་མ་སྤྱི་ཚོགས་སྒྱུར་བཀོད་བྱེད་ཐུབ་པའི་ཚད་དུ་ད་དུང་སླེབས་ཡོད་པ་མ་རེད། དེའི་རྐྱེན་གྱིས། གསར་བརྗེའི་འབྲས་བུ་དེ་མཇུག་མཐར་མ་རྩ་ཅན་གྲལ་རིམ་གྱིས་ཁྱེར་སོང་། རྒྱལ་ཁབ་གཞན་དག་སྟེ། དབྱི་ཐ་ལི་དང་འཇར་མན། ཨོ་སི་ཁྲུ་རི་ཡ་བཅས་ནས་བཟོ་པར་ཐོག་མ་ནས་བཟུང་འབྱོར་ལྡན་གྲལ་རིམ་ལ་སྲིད་དབང་ཐོབ་པའི་རོགས་རམ་མ་གཏོགས་བྱེད་མི་ཆོག་པའི་ཚད་བཀག་ཡོད། ཡིན་ནའང་རྒྱལ་ཁབ་གང་ཞིག་ཏུའང་། འབྱོར་ལྡན་གྲལ་རིམ་གྱི་དབང་སྒྱུར་དེ་མི་རིགས་རང་བཙན་དང་ཁ་བྲལ་ན་སྤེལ་མི་ཐུབ། དེའི་ཕྱིར།1848ལོའི་གསར་བརྗེ་དེས་སྐབས་དེར་ད་དུང་གཅིག་གྱུར་དང་རང་བཙན་ཐོབ་མེད་པའི་མི་རིགས་ཏེ—དབྱི་ཐ་ལི་དང་འཇར་མན།  ཧང་ག་ར—བཅས་ལ་གཅིག་གྱུར་དང་རང་བཙན་སྐྱེལ་ངེས་པ་རེད། ད་ནི་ཕོ་ལན་གྱི་སྟེང་དུ་སླེབས་ཡོད།

གོང་གསལ་ལས་མཐོང་ཐུབ་པ་ནི། 1848ལོའི་གསར་བརྗེ་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ཞིག་མིན་ནའང་། དེས་གང་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་དོན་དུ་འགྲོ་ལམ་ལ་གཙང་ཕྱགས་བྱས་ཡོད་པ་དང་། གསར་བརྗེ་དེར་རྨང་གཞིའི་གྲ་སྒྲིག་བྱས་ཡོད། ཉེ་བའི་ལོ་ངོ45རིང་ལ། འབྱོར་ལྡན་གྲལ་རིམ་གྱི་ལམ་ལུགས་དེས་འཛམ་གླིང་རྒྱལ་ཁབ་ཁག་ཏུ་བཟོ་ལས་ཆེན་པོ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སོང་། དུས་མཚུངས་སུ་མི་འབོར་མང་བ་དང་མཐུན་སྒྲིལ་དམ་པོ། སྟོབས་ཤུགས་ཆེ་བའི་འབྱོར་མེད་གྲལ་རིམ་ཞིག་ཆགས་ཐུབ་སོང་། འདི་ལྟར《བསྒྲགས་གཏམ》ནང་བཤད་པ་ལྟར་རང་ཉིད་ཀྱི་དུར་ཁུང་རྐོ་མཁན་བྱུང་བ་རེད། མི་རིགས་སོ་སོའི་རང་བཙན་དང་གཅིག་གྱུར་དེ་སླར་གསོ་མ་བྱས་ན། འབྱོར་མེད་གྲལ་རིམ་གྱི་རྒྱལ་སྤྱིའི་མཉམ་འབྲེལ་ཡོང་ཐབས་མེད་ལ། མི་རིགས་ཁག་གིས་ཐུན་མོང་གི་དམིགས་ཡུལ་འགྲུབ་པའི་ཆེད་དུ་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་མཛའ་མཐུན་དང་རང་རྟོགས་ཀྱི་མཉམ་ལས་དེའང་ཡོང་ཐུབ་པ་མ་རེད། བསམ་བློ་ཞིག་ཐོངས་དང་།1848ལོའི་སྔོན་དུ་གནས་ཡོད་པའི་ཆབ་སྲིད་ཀྱི་ཆ་རྐྱེན་འོག་ཏུ་དབྱི་ཐ་ལིའི་བཟོ་པ་དང་། ཧང་ག་རིའི་བཟོ་པ། ཏེ་དབྱི་ཀྲིའི་བཟོ་པ། ཕོ་ལན་གྱི་བཟོ་པ། ཨུ་རུ་སུའི་བཟོ་པ་སོགས་ཀྱི་ཐུན་མོང་གི་རྒྱལ་སྤྱིའི་ལས་འགུལ་ཞིག་ཡོད་ཐུབ་བམ།

དེར་བརྟེན། 1848ལོའི་འཐབ་འཛིང་དེ་དོན་མེད་དུ་བྱས་པ་ཞིག་མ་རེད། ཐེངས་དེའི་གསར་བརྗེ་བྱེད་པའི་དུས་སྐབས་ནས་ད་ལྟའི་བར་གྱི་ལོ་ངོ45འདི་ཡང་དོན་མེད་དུ་སོང་བ་ཞིག་མ་རེད། ཐེངས་དེའི་གསར་བརྗེ་བྱེད་པའི་དུས་སྐབས་ཀྱི་འབྲས་བུ་ད་ལྟ་སྨིན་པའི་མགོ་ཚུགས་ཤིང་། ངའི་རེ་བ་ཉག་གཅིག་པོ་ནི་དབྱི་ཐ་ལིའི་ཡི་གེའི་འགྱུར་དེབ་པར་སྐྲུན་བྱས་པ་ནི་སྔ་ལྟས་ཡག་པོ་ཞིག་ཏུ་གྱུར་ནས། དབྱི་ཐ་ལིའི་འབྱོར་མེད་གྲལ་རིམ་ལ་རྒྱལ་ཁ་ཐོབ་པའི་སྔ་ལྟས་བཟང་པོར་འགྱུར་ཞིང་།《བསྒྲགས་གཏམ》མ་ཡིག་པར་སྐྲུན་བྱས་པ་རྒྱལ་སྤྱིའི་གསར་བརྗེའི་སྔ་ལྟས་སུ་གྱུར་པ་ནང་བཞིན་འགྱུར་ཐུབ་ན་བསམ་བྱུང་།

《བསྒྲགས་གཏམ》འདིས་མ་རྩ་རིང་ལུགས་ཀྱིས་སྔོན་ཆད་ཐོན་མྱོང་བའི་གསར་བརྗེའི་ནུས་པ་དེ་ཧ་ཅང་དྲང་བཞག་གི་སྒོ་ནས་གདེང་འཇོག་བྱས་ཡོད། དབྱི་ཐ་ལི་ནི་མ་རྩ་རིང་ལུགས་ཀྱི་མི་རིགས་དང་པོ་དེ་ཡིན། བཀས་བཀོད་རྒྱུད་འཛིན་གྱི་དུས་རབས་བར་མ་མཇུག་སྒྲིལ་བ་དང་དེང་རབས་མ་རྩ་རིང་ལུགས་ཀྱི་དུས་རབས་མགོ་ཚུགས་པ་དེ་མི་སྣ་ཆེན་པོ་ཞིག་གིས་མཚོན་པར་བྱེད། མི་སྣ་དེ་ནི་དབྱི་ཐ་ལིའི་མི་ཏན་ཏིང་རེད། ཁོང་ནི་དུས་རབས་བར་མའི་མཇུག་མཐའི་སྙན་ངག་པ་ཡིན་ལ། དུས་མཚུངས་སུ་དུས་རབས་གསར་པའི་ཆེས་ཐོག་མའི་སྙན་ངག་པ་དེའང་རེད། ད་ལྟའང1300ལོ་དང་འདྲ་བར། ལོ་རྒྱུས་ཀྱི་དུས་རབས་གསར་པ་སླེབ་བཞིན་ཡོད་པ་རེད། དབྱི་ཐ་ལིས་ང་ཚོར་ཏན་ཏིང་གསར་པ་ཞིག་གནང་ནས་འབྱོར་མེད་གྲལ་རིམ་གྱི་དུས་རབས་གསར་པ་ཐོན་པ་ཁྱབ་བསྒྲགས་བྱེད་དུ་འཇུག་གམ།

ཧྥུ•ཨེན་ཀེ་སིས།

1893ལོའི་ཟླ2པའི་ཚེས1ཉིན་ལོན་ཏོན་དུ་བྲིས།


མཉམ་སྤྱོད།