དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འབྱོར་ལྡན་པ་དང་འབྱོར་མེད་པ།(2)

2025-06-18 08:13:39   |   81

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


ཐོན་རྫས་ཚོང་ལམ་རྒྱུན་མ་ཆད་པར་རྒྱ་ཆེར་གཏོང་དགོས་པའི་དབང་གིས། འབྱོར་ལྡན་གྲལ་རིམ་གྱིས་སའི་གོ་ལ་ཡོངས་སུ་སྐོར་སྐྱོད་བྱེད་དགོས་བྱུང་ལ། ངེས་པར་དུ་ག་ས་གར་ཁྱིམ་གཞིས་འཛུགས་དགོས་པ་དང་། ག་ས་གར་གསར་སྤེལ་བྱེད་དགོས་པ། ག་ས་གར་འབྲེལ་བ་འཛུགས་དགོས་སོང་།

འབྱོར་ལྡན་གྲལ་རིམ་གྱིས་འཛམ་གླིང་གི་ཚོང་ར་གསར་འབྱེད་བྱས་པས། རྒྱལ་ཁབ་མཐའ་དག་གི་ཐོན་སྐྱེད་དང་འཛད་སྤྱོད་ཚང་མ་འཛམ་གླིང་རང་བཞིན་ཅན་དུ་གྱུར། ལོག་སྤྱོད་ཕྱོགས་ཁག་སེམས་ཕངས་ཆེན་པོ་སྐྱེས་པ་ནི། འབྱོར་ལྡན་གྲལ་རིམ་གྱིས་བཟོ་ལས་ཀྱི་རྐང་འོག་གི་མི་རིགས་རྨང་གཞི་བཤིག་པ་དེས། གནའ་བོའི་མི་རིགས་བཟོ་ལས་རྩ་མེད་བཏང་བར་མ་ཟད། ད་དུང་ཉིན་རེ་བཞིན་རྩ་མེད་དུ་གཏོང་བཞིན་ཡོད་པ་དེ་རེད། དེ་ཚོ་བཟོ་ལས་གསར་བས་ཟུར་འབུད་བྱས་ཤིང་། བཟོ་ལས་གསར་བ་འཛུགས་རྒྱུ་དེ་ཤེས་དཔལ་དར་བའི་མི་རིགས་མཐའ་དག་གི་སྲོག་རྩར་ཐུག་པའི་གནད་དོན་ཞིག་ཏུ་གྱུར་སོང་། བཟོ་ལས་དེ་ཚོས་ལས་སྣོན་བྱེད་བཞིན་པ་ནི། ས་ཆ་དེ་གའི་རྒྱུ་ཆ་མིན་པར། རྒྱང་ཐག་ཧ་ཅང་རིང་བའི་ས་ཁུལ་ནས་ཐོན་པའི་རྒྱུ་ཆ་རེད། ཁོ་ཚོའི་ཐོན་རྫས་དེས་རྒྱལ་ཁབ་དེ་ནས་འཛད་སྤྱོད་བྱེད་རྒྱུར་མཁོ་འདོན་བྱེད་བཞིན་ཡོད་པར་མ་ཟད། དུས་མཚུངས་སུ་འཛམ་གླིང་གི་ས་གནས་ཁག་ཏུ་འཛད་སྤྱོད་བྱེད་རྒྱུར་ཡང་མཁོ་འདོན་བྱེད་བཞིན་ཡོད། རྒྱལ་ཁབ་རང་གི་ཐོན་རྫས་ལ་བརྟེན་ནས་དགོས་མཁོ་སྐོང་ཐབས་བྱེད་པའི་ཉོ་ཚོང་འབྲེལ་བ་རྙིང་པ་དེ། རྒྱང་ཐག་ཧ་ཅང་རིང་བའི་རྒྱལ་ཁབ་དང་ས་ཁུལ་གྱི་ཐོན་རྫས་ལ་བརྟེན་ནས་དགོས་མཁོ་སྐོང་ཐབས་བྱེད་པའི་ཉོ་ཚོང་རྣམ་པ་གསར་བས་ཚབ་བྱས། སྔོན་ཆད་ས་གནས་དང་མི་རིགས་ཀྱི་རང་མཁོ་རང་འདང་དང་སྒོ་བཀག་རང་སྲུང་གི་གནས་སྟངས་དེ། མི་རིགས་ཁག་གིས་ཕྱོགས་གང་ཅིའི་ཐད་ཀྱི་ཕན་ཚུན་འགྲོ་འོང་དང་ཕྱོགས་གང་ཅིའི་ཐད་ཀྱི་ཕན་ཚུན་བརྟེན་རེས་བྱེད་པ་དེས་ཚབ་བྱས། དངོས་པོའི་ཐོན་སྐྱེད་དེ་ལྟ་བུ་ཡིན་ལ་བསམ་པའི་ཐོན་སྐྱེད་ཀྱང་དེ་ལྟ་བུ་ཡིན། མི་རིགས་ཁག་གི་བསམ་པའི་ཐོན་རྫས་དེ་ཐུན་མོང་གི་རྒྱུ་ནོར་དུ་གྱུར། མི་རིགས་ཀྱི་ཕྱོགས་རེ་བའི་རང་བཞིན་དང་བཀག་རྒྱའི་རང་བཞིན་དེ་ཉིན་རེར་བཞིན་ནུས་པ་ཐོན་མི་ཐུབ་པར་འགྱུར་བཞིན་ཡོད་ཅིང་། དེའི་ཕྱིར་མི་རིགས་མང་པོ་དང་ས་གནས་མང་པོའི་རྩོམ་རིག་དེ་འཛམ་གླིང་གི་རྩོམ་རིག་ཅིག་ཏུ་གྲུབ་པ་རེད།

འབྱོར་ལྡན་གྲལ་རིམ་ནི་ཐོན་སྐྱེད་ཡོ་བྱད་ཡོད་ཚད་མྱུར་དུ་ལེགས་བཅོས་བྱུང་བ་དང་། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་རུ་ཕྱིན་པར་བརྟེན། མི་རིགས་ཡོད་ཚད་དང་ཐ་ན་ཆེས་ཀླ་ཀློའི་མི་རིགས་རྣམས་ཀྱང་ཤེས་དཔལ་དར་བའི་ཁྲོད་དུ་བཅུག དེའི་ཚོང་ཟོག་གི་རིན་གོང་ཁེ་པོ་དེ་ནི་རང་ཉིད་ཀྱིས་ལྕགས་རི་རིང་པོ་ཡོད་ཚད་གཏོར་བྱེད་དང་ཀླ་ཀློ་ཚོས་ཕྱི་མི་དགྲར་འཛིན་གྱི་འཁོན་སེམས་མཁྲེགས་པོ་དེ་འདུལ་བྱེད་ཀྱི་མེ་སྒྱོགས་ཆེན་པོ་ཡིན། དེས་མི་རིགས་ཡོད་ཚད་ལ་བཙན་ཤེད་བྱས་ནས—གལ་ཏེ་མི་རིགས་དེ་ཚོ་རྩ་མེད་དུ་འགྲོ་མི་འདོད་ན—འབྱོར་ལྡན་གྲལ་རིམ་གྱི་ཐོན་སྐྱེད་བྱེད་སྟངས་བེད་སྤྱོད་དགོས། དེས་དེ་ཚོར་བཙན་ཤེད་བྱས་ཏེ་རང་རང་གནས་སུ་ཤེས་དཔལ་ཟེར་བ་དེ་སྐུལ་འདེད་བཏང་སྟེ་འབྱོར་ལྡན་པར་སྒྱུར་བཞིན་ཡོད། ཚིག་གཅིག་ཏུ་བསྡུས་ནས་བཤད་ན། དེས་རང་གི་རྣམ་པ་ནང་བཞིན་རང་ཉིད་ཀྱི་འཇིག་རྟེན་ཞིག་གསར་སྐྲུན་བྱེད་བཞིན་ཡོད་པ་རེད།

འབྱོར་ལྡན་གྲལ་རིམ་གྱིས་གྲོང་གསེབ་དེ་གྲོང་ཁྱེར་གྱི་དབང་འོག་ལ་ཚུད་དུ་འཇུག་གི་ཡོད། དེས་གྲོང་ཁྱེར་ཧ་ཅང་ཆེན་པོ་གསར་འཛུགས་བྱས་ཏེ། གྲོང་ཁྱེར་གྱི་མི་གྲངས་དེ་གྲོང་གསེབ་ལས་ཧ་ཅང་མང་པོ་འཕར་སྣོན་བྱེད་དུ་བཅུག་སྟེ། སྡོད་དམངས་ཧ་ཅང་མང་པོ་ཞིག་གྲོང་གསེབ་ཀྱི་འཚོ་བའི་བླུན་རྨོངས་ཀྱི་གནས་སྟངས་དང་ཁ་བྲལ་ཐུབ་པ་བྱུང་། དེས་གྲོང་གསེབ་རྣམས་གྲོང་ཁྱེར་གྱི་ཟུར་གཏོགས་ཤིག་ལ་སྒྱུར་བ་བཞིན། དེས་ཤེས་རིག་དར་མེད་པ་དང་ཤེས་རིག་ཕྱེད་ཙམ་ལས་དར་མེད་པའི་རྒྱལ་ཁབ་རྣམས་ཤེས་དཔལ་དར་བའི་རྒྱལ་ཁབ་ཀྱི་ཟུར་གཏོགས་ཤིག་ལ་སྒྱུར་བཞིན་ཡོད་ཅིང་། ཞིང་པའི་མི་རིགས་དེ་འབྱོར་ལྡན་གྲལ་རིམ་གྱི་མི་རིགས་ཀྱི་ཟུར་གཏོགས་ཤིག་ལ་སྒྱུར་བཞིན་ཡོད་པ་དང་། ཤར་ཕྱོགས་དེ་ནུབ་ཕྱོགས་ཀྱི་ཟུར་གཏོགས་ཤིག་ལ་སྒྱུར་བཞིན་ཡོད་པ་རེད།

འབྱོར་ལྡན་གྲལ་རིམ་གྱིས་ཉིན་རེ་ནས་ཉིན་རེ་བཞིན་ཐོན་སྐྱེད་རྒྱུ་ཆ་དང་རྒྱུ་ནོར། མི་གྲངས་བཅས་ཐར་ཐོར་དུ་ཡོད་པའི་གནས་སྟངས་དེ་མེད་པར་བཟོ་བཞིན་ཡོད། དེས་མི་གྲངས་འདུས་ཚད་ཇེ་ཆེར་ཡོང་བ་དང་། ཐོན་སྐྱེད་རྒྱུ་ཆ་གཅིག་སྡུད་བྱེད་པ། རྒྱུ་ནོར་དེ་མི་ཉུང་ཤས་ཀྱི་ལག་ཏུ་གཅིག་སྡུད་བྱས་ཡོད། དེ་ལས་འབྱུང་ངེས་པའི་མཇུག་འབྲས་ནི་ཆབ་སྲིད་ཐོག་གི་གཅིག་སྡུད་དེ་རེད། སོ་སོ་རང་ཚུགས་སུ་གནས་པ་དང་ཧ་ལམ་མནའ་མཐུན་གྱི་འབྲེལ་བ་ཙམ་ལས་མེད་པ། སོ་སོའི་ཁེ་ཕན་མི་འདྲ་བ། བཅའ་ཁྲིམས་མི་འདྲ་བ། སྲིད་གཞུང་མི་འདྲ་བ། སྒོ་ཁྲལ་མི་འདྲ་བ་རེ་ཡོད་པ་བཅས་ཀྱི་ས་ཁུལ་ཁག་ཚང་མ། ད་ལྟ་ཟུང་འབྲེལ་བྱས་ནས་གཅིག་གྱུར་གྱི་སྲིད་གཞུང་དང་གཅིག་གྱུར་གྱི་བཅའ་ཁྲིམས། གཅིག་གྱུར་གྱི་མི་རིགས་གྲལ་རིམ་གྱི་ཁེ་ཕན། གཅིག་གྱུར་གྱི་སྒོ་ཁྲལ་བཅས་ཀྱི་གཅིག་གྱུར་གྱི་མི་རིགས་སུ་གྲུབ་ཡོད།

འབྱོར་ལྡན་གྲལ་རིམ་གྱིས་རང་ཉིད་ཀྱིས་གྲལ་རིམ་དབང་སྒྱུར་བྱས་ནས་ལོ་བརྒྱ་ཙམ་ཡང་ཕྱིན་མེད་པའི་རིང་ལ་གསར་སྐྲུན་བྱས་པའི་ཐོན་སྐྱེད་ནུས་ཤུགས་དེ། སྔོན་མའི་དུས་རབས་ཡོད་ཚད་ཀྱིས་གསར་སྐྲུན་བྱས་པའི་ཐོན་སྐྱེད་ནུས་ཤུགས་ཡོངས་རྫོགས་ལས་ཀྱང་ད་དུང་མང་ཞིང་ཆེ། རང་བྱུང་སྟོབས་ཤུགས་དབང་དུ་བསྡུ་བ་དང་འཕྲུལ་འཁོར་གྱི་བེད་སྤྱོད། བཟོ་ལས་དང་ཞིང་ལས་ཁྲོད་ཀྱི་རྫས་འགྱུར་བཀོལ་སྤྱོད། འཁོར་གྲུའི་ཤར་གཏོང་། ལྕགས་ལམ་གྱི་བགྲོད་གཏོང་། གློག་འཕྲིན་གྱི་བེད་སྤྱོད། སྐམ་ས་ཆེན་པོའི་གླིང་དང་གླིང་བྱས་པའི་གསར་སྤེལ། ཆུ་ཐོག་གི་གྲུ་གཏོང་། རྫུ་འཕྲུལ་བསྟན་ནས་ས་འོག་ནས་བོས་ཡོང་བ་ལྟ་བུའི་མི་གྲངས་མང་པོ་ཐོན་པ་སོགས—སྤྱི་ཚོགས་ཀྱི་ངལ་རྩོལ་ཁྲོད་ཐོན་སྐྱེད་ནུས་ཤུགས་འདི་འདྲ་ཞིག་མི་མངོན་པར་བསྡད་འདུག་པ་དེ་སྔོན་མའི་དུས་རབས་གང་ཞིག་གི་རིང་ལ་ཚོད་དཔག་བྱེད་ཐུབ་པ་རེད་དམ།

དེ་ལས་མཐོང་ཐུབ་པ་ནི། འབྱོར་ལྡན་གྲལ་རིམ་ཆགས་པའི་ཐོན་སྐྱེད་རྒྱུ་ཆ་དང་བརྗེ་རེས་ཐབས་ཤེས་དེ། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཁྲོད་ནས་བཟོས་པ་རེད། ཐོན་སྐྱེད་རྒྱུ་ཆ་དང་བརྗེ་རེས་ཐབས་ཤེས་དེ་འཕེལ་རྒྱས་སོང་བའི་དུས་རིམ་ངེས་ཅན་ཞིག་གི་ཐོག  བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་བརྗེ་རེས་དེ་དུས་རིམ་དེའི་ཁྲོད་བྱུང་བའི་འབྲེལ་བ་དང་། བཀས་བཀོད་རྒྱུད་འཛིན་གྱི་ཞིང་ལས་དང་བཟོ་རའི་ལག་ཤེས་བཟོ་ལས་ཀྱི་རྩ་འཛུགས་ཏེ། ཚིག་གཅིག་ཏུ་བསྡུས་ནས་བཤད་ན། བཀས་བཀོད་རྒྱུད་འཛིན་གྱི་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་དེ། འཕེལ་རྒྱས་ཕྱིན་ཟིན་པའི་ཐོན་སྐྱེད་ནུས་ཤུགས་དང་མི་མཐུན་པར་གྱུར། འབྲེལ་བ་དེས་སྔར་ནས་ཐོན་སྐྱེད་འཕེལ་རྒྱས་འགྲོ་བར་བཀག་འགོག་བྱས་པ་ལས་སྐུལ་འདེད་གཏོང་ཐུབ་ཀྱི་མེད། དེ་ཐོན་སྐྱེད་འཆིང་སྡོམ་གྱི་སྒྲོག་ཏུ་གྱུར། དེའི་ཕྱིར། དེ་ངེས་པར་དུ་གཏོར་དགོས་ལ། དེ་སྔར་ནས་གཏོར་ཟིན་པ་རེད།

དེའི་ཚབ་ཏུ་བྱུང་བ་ནི་རང་དབང་གི་འགྲན་རྩོད་དང་། རང་དབང་གི་འགྲན་རྩོད་དེ་དང་མཐུན་པའི་སྤྱི་ཚོགས་ལམ་ལུགས་དང་ཆབ་སྲིད་ལམ་ལུགས། འབྱོར་ལྡན་གྲལ་རིམ་གྱི་དཔལ་འབྱོར་གྱི་དབང་སྒྱུར་དང་ཆབ་སྲིད་ཀྱི་དབང་སྒྱུར་བཅས་རེད།

ད་ལྟ། ང་ཚོའི་མིག་ལམ་དུ་དེ་དང་འདྲ་བའི་ལས་འགུལ་ཞིག་སླར་ཡང་སློང་བཞིན་ཡོད། འབྱོར་ལྡན་གྲལ་རིམ་གྱི་ཐོན་སྐྱེད་འབྲེལ་བ་དང་བརྗེ་རེས་འབྲེལ་བ། འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་སྟེ། དེ་སྔ་རྫུ་འཕྲུལ་བསྟན་པ་ལྟར་ཐོན་སྐྱེད་རྒྱུ་ཆ་དང་བརྗེ་རེས་ཐབས་ཤེས་གཞི་རྒྱ་ཆེན་པོ་དེ་འདྲ་ཞིག་གསར་སྐྲུན་བྱེད་མཁན་དེང་རབས་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་དེས། ད་ལྟ་རང་ཉིད་ཀྱིས་མན་ངག་བཏོན་ནས་འབོད་འགུགས་བྱས་པའི་གདོན་འདྲེ་དེར་ཁ་ལོ་སྒྱུར་ཐབས་བྲལ། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་བཟོ་ལས་དང་ཚོང་ལས་ཀྱི་ལོ་རྒྱུས་ནི། དེང་རབས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱིས་དེང་རབས་ཀྱི་ཐོན་སྐྱེད་འབྲེལ་བར་འགོག་རྒོལ་དང་། འབྱོར་ལྡན་གྲལ་རིམ་དང་དེའི་དབང་སྒྱུར་བྱེད་པར་གནས་པའི་ཆ་རྐྱེན་གྱི་དབང་བའི་ལམ་ལུགས་ཀྱི་འབྲེལ་བར་འགོག་རྒོལ་བྱས་པའི་ལོ་རྒྱུས་ཙམ་རེད། དུས་འཁོར་གྱི་རང་བཞིན་ལྡན་པའི་བསྐྱར་ཟློས་ཁྲོད་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ཧྲིལ་པོའི་འཚོ་གནས་ལ་གནོད་པ་ཇེ་ཆེར་གཏོང་བའི་ཚོང་ལས་ཀྱི་ཉམས་ཉེན་དེ་བསྟན་པ་ཙམ་གྱིས་ར་སྤྲོད་བྱེད་ཐུབ། ཚོང་ལས་ཉམས་ཉེན་འབྱུང་བའི་སྐབས་སུ། ཐོན་སྐྱེད་བྱས་ཟིན་པའི་ཐོན་རྫས་མང་ཆེ་ཤོས་ཤིག་མེད་པར་བཟོས་པ་མ་ཟད། སྔར་ནས་ཆགས་གྲུབ་བྱུང་ཡོད་པའི་ཐོན་སྐྱེད་ནུས་ཤུགས་མང་ཆེ་ཤོས་ཤིག་ཀྱང་མེད་པར་བཟོས་པ་རེད། ཉམས་ཉེན་འབྱུང་བའི་སྐབས་སུ། འདས་ཟིན་པའི་དུས་རབས་ཡོད་ཚད་ནི་འདོ་མེད་པའི་སྣང་ཚུལ་ལྟ་བུ་ཞིག་ཏུ་ལྟ་བའི་སྤྱི་ཚོགས་ཀྱི་ནད་ཡམས་ཤིག་བྱུང་བ་སྟེ་ཐོན་སྐྱེད་ལྷག་མའི་ནད་ཡམས་རེད། སྤྱི་ཚོགས་ཀྱིས་གློ་བུར་དུ་རང་ཉིད་གནས་སྐབས་ཀྱི་ཀླ་ཀློའི་གནས་སུ་ལོག་པ་ཤེས། མུ་གེ་ཐེངས་གཅིག་དང་ཡང་ན་ཡོངས་ཁྱབ་ཀྱི་རྩ་སྟོར་རང་བཞིན་ལྡན་པའི་དམག་འཁྲུག་ཐེངས་གཅིག་ནང་བཞིན་སྤྱི་ཚོགས་ཀྱི་འཚོ་བའི་རྒྱུ་ཆ་ཡོངས་རྫོགས་ཁྱུར་མིད་གཏོང་བ་དང་། བཟོ་ལས་དང་ཚོང་ལས་ཡོད་ཚད་རྩ་སྟོར་དུ་ཕྱིན་པ་བཞིན་ཡིན་ལ། འདི་འདྲ་བྱུང་བའི་རྒྱུ་མཚན་གང་ཡིན་ཟེར་ན། སྤྱི་ཚོགས་སུ་ཤེས་དཔལ་དར་དྲགས་པ་དང་འཚོ་བའི་རྒྱུ་ཆ་མང་དྲགས་པ། བཟོ་ལས་དང་ཚོང་ལས་དར་རྒྱས་ཆེ་དྲགས་པས་རེད། སྤྱི་ཚོགས་སུ་ཡོད་པའི་ཐོན་སྐྱེད་ནུས་ཤུགས་དེས་འབྱོར་ལྡན་གྲལ་རིམ་གྱི་ཤེས་དཔལ་དང་འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ད་ནི་སྐུལ་འདེད་གཏོང་མི་ཐུབ་པར་གྱུར། དེ་ལས་ལྡོག་སྟེ། ཐོན་སྐྱེད་ནུས་ཤུགས་ཆེ་རུ་ཕྱིན་ནས་འབྲེལ་བ་དེ་རིགས་དང་བསྟུན་མི་ཐུབ་པའི་ཚད་ལ་སླེབས་པ་དང་། དེར་འབྲེལ་བ་དེ་རིགས་ཀྱི་འགོག་རྐྱེན་ཐེབས་ཡོད། དེས་འགོག་རྐྱེན་དེ་རིགས་སེལ་རྒྱུའི་མགོ་བརྩམས་མ་ཐག  འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ཧྲིལ་པོ་ཟང་ཟིང་གི་གནས་སུ་གྱུར་འགྲོ་བ་དང་། འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་དེ་གནས་པར་ཡང་འཇིགས་སྐུལ་ཐེབས་སྲིད། འབྱོར་ལྡན་གྲལ་རིམ་གྱི་འབྲེལ་བ་དེ་ཧ་ཅང་གུ་དོག་པོར་གྱུར་པས། རང་ཉིད་ཀྱིས་བསྐྲུན་པའི་རྒྱུ་ནོར་རྣམས་ཤོང་མི་ཐུབ་པར་གྱུར། འབྱོར་ལྡན་གྲལ་རིམ་གྱིས་ཐབས་ཤེས་གང་ཞིག་སྤྱད་ནས་ཉམས་ཉེན་དེ་རིགས་སེལ་དགོས་ཟེར་ན། ཕྱོགས་གཅིག་ནས་ཐོན་སྐྱེད་ནུས་ཤུགས་འབོར་ཆེན་ཞིག་མེད་པར་བཟོ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཚོང་ར་གསར་བ་རྩོད་ལེན་བྱེད་དགོས་ལ། ཚོང་ར་རྙིང་པའི་བེད་སྤྱོད་སྔར་ལས་ཀྱང་མཐར་ཕྱིན་པ་ཞིག་བྱེད་དགོས་བྱུང་། ཐབས་ཤེས་དེ་དོན་དངོས་སུ་ཐབས་ཤེས་གང་འདྲ་ཞིག་རེད་ཟེར་ན། དེ་ནི་འབྱོར་ལྡན་གྲལ་རིམ་གྱིས་ཉམས་ཉེན་སྔར་ལས་ཆ་ཚང་བ་དང་སྔར་ལས་ཤུགས་དྲག་པ་ཞིག་ཡོང་བར་བྱེད་པའི་གྲ་སྒྲིག་གི་ཐབས་ཤེས་ཤིག་དང་། ཉམས་ཉེན་སྔོན་འགོག་བྱེད་པའི་བྱེད་ཐབས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བའི་ཐབས་ཤེས་ཤིག་ཡིན་པ་ལས་གཞན་ཅི་ཡང་མ་རེད།

འབྱོར་ལྡན་གྲལ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མགོ་རྟིང་སློག་པའི་མཚོན་ཆ་དེ། ད་ལྟ་འབྱོར་ལྡན་གྲལ་རིམ་རང་ཉིད་ལ་ཁ་གཏད་བྱུང་།

ཡིན་ན་ཡང་། འབྱོར་ལྡན་གྲལ་རིམ་གྱིས་རང་ཉིད་ལྔ་ལམ་དུ་སྐྱེལ་བའི་མཚོན་ཆ་བཟོས་པ་མ་ཟད། ད་དུང་མཚོན་ཆ་འདི་རིགས་བེད་སྤྱོད་གཏོང་མཁན་གྱི་མི—དེང་རབས་ཀྱི་བཟོ་པ་སྟེ། འབྱོར་མེད་པ་ཐོན་པར་བྱས་པ་རེད།

འབྱོར་ལྡན་གྲལ་རིམ་སྟེ་མ་རྩ་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། འབྱོར་མེད་གྲལ་རིམ་སྟེ་དེང་རབས་ཀྱི་བཟོ་པ་གྲལ་རིམ་ཡང་ཚད་ངེས་ཅན་ཞིག་ནས་གོང་འཕེལ་དུ་སོང་ཡོད། དེང་རབས་ཀྱི་བཟོ་པ་རྣམས་ཀྱིས་རང་ཉིད་ལ་ལས་ཀ་རྙེད་པའི་སྐབས་སུ་ད་གཟོད་འཚོ་བ་སྐྱེལ་ཐུབ་ཅིང་། དེ་བཞིན་ཁོ་ཚོའི་ངལ་རྩོལ་དེས་མ་རྩ་སྤེལ་ཐུབ་པའི་སྐབས་སུ་ད་གཟོད་རང་ཉིད་ལ་ལས་ཀ་བཙལ་ཐུབ་པ་རེད། རང་ཉིད་ཚོང་ཟོག་སིལ་མ་ནང་བཞིན་ཕར་བཙོང་དགོས་བྱུང་བའི་བཟོ་པ་རྣམས། དངོས་རྫས་གཞན་དག་དང་འདྲ་བར་ཚོང་ཟོག་གི་རིགས་ཤིག་རེད། དེའི་ཕྱིར། ཁོ་ཚོར་ཡང་འགྲན་རྩོད་ཐད་བྱུང་བའི་འགྱུར་བ་མཐའ་དག་གི་ཤུགས་རྐྱེན་དང་། ཚོང་རའི་ཐོག་བྱུང་བའི་འཕར་ཆག་མཐའ་དག་གི་ཤུགས་རྐྱེན་ཐེབས་བཞིན་ཡོད།

འཕྲུལ་འཁོར་དང་ལས་བགོས་ཁྱབ་གདལ་བྱུང་བའི་དབང་གིས། འབྱོར་མེད་པའི་ངལ་རྩོལ་ལ་རང་རྐྱ་འཕེར་བའི་ངོ་བོ་ཅི་ཡང་མེད། དེའི་ཕྱིར་བཟོ་པར་ཡང་ཡིད་འགུགས་ནུས་པ་གང་ཡང་མེད་པ་བཟོས་སོང་། བཟོ་པ་རྣམས་འཕྲུལ་འཁོར་གྱི་ཟུར་གཏོགས་དངོས་པོར་གྱུར་ནས། ཁོ་ཚོས་བྱེད་དགོས་པ་ནི་ཧ་ཅང་སྟབས་བདེ་དང་ཧ་ཅང་ཁེར་གཙང་། ཧ་ཅང་ཤེས་སླ་བའི་བཀོལ་སྤྱོད་དེ་ཁོ་ན་རེད། དེར་བརྟེན། བཟོ་པའི་ཐད་ལ་གཏོང་བའི་འགྲོ་གྲོན་ནི། ཧ་ལམ་བཟོ་པའི་འཚོ་བ་འཁྱོལ་ཐབས་བྱེད་རྒྱུ་དང་བཟོ་པའི་མི་རབས་རྗེས་མ་རྒྱུན་མཐུད་བྱེད་པའི་དགོས་ངེས་ཀྱི་འཚོ་བའི་རྒྱུ་ཆ་ཙམ་ལས་ཡོད་པ་མ་རེད། འོན་ཀྱང་། ཚོང་ཟོག་གི་རིན་གོང་དང་། དེ་ནས་ངལ་རྩོལ་གྱི་རིན་གོང་ནི་དེའི་ཐོན་སྐྱེད་འགྲོ་གྲོན་དང་འདྲ་མཚུངས་རེད། དེ་བས། ངལ་རྩོལ་བྱེད་རྒྱུར་ཞེན་པ་ག་ཙམ་ལོག་ན་གླ་ཕོགས་ཀྱང་དེ་ཙམ་གྱིས་ཉུང་དུ་འགྲོ་བ་རེད། དེས་མི་ཚད། འཕྲུལ་འཁོར་ཁྱབ་གདལ་ཇི་ཙམ་ཆེ་རུ་ཕྱིན་པ་དང་། ལས་བགོས་ཇི་ཙམ་ཞིབ་ཚགས་སུ་གྱུར་ན། ངལ་རྩོལ་བྱེད་ཚད་ཀྱང་དེ་ཙམ་གྱིས་འཕར་སྣོན་བྱེད་པ་རེད། དེ་ནི་ཡང་ན་ལས་ཀའི་དུས་ཡུན་ཇེ་རིང་དུ་བཏང་བ་དང་། ཡང་ན་དུས་ཚོད་ངེས་ཅན་ཞིག་གི་ནང་བྱེད་དགོས་པའི་ངལ་རྩོལ་གྱི་གྲངས་ཚད་འཕར་བ་དང་། འཕྲུལ་འཁོར་འཁོར་ཚད་ཇེ་མགྱོགས་སུ་བཏང་བ་སོགས་ལ་རག་ལས་པ་རེད།


མཉམ་སྤྱོད།