དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འབྱོར་ལྡན་པ་དང་འབྱོར་མེད་པ།(3)

2025-06-20 14:54:55   |   44

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


དེང་རབས་ཀྱི་བཟོ་ལས་དེས་ཁྱིམ་བདག་རྣམ་པ་ཅན་གྱི་དགེ་རྒན་གྱི་ལས་གྲྭ་ཆུང་བ་དེ་བཟོ་ལས་མ་རྩ་ཅན་གྱི་བཟོ་གྲྭ་ཆེན་པོ་ཞིག་ཏུ་བསྒྱུར། བཟོ་གྲྭའི་ནང་འཚང་ཁ་རྒྱག་པའི་བཟོ་པ་མང་ཚོགས་རྣམས་དམག་མི་ནང་བཞིན་རྩ་འཛུགས་བྱས་ཡོད། ཁོ་ཚོ་ནི་ཐོན་ལས་དམག་དཔུང་གི་དམག་མི་དཀྱུས་མ་ཞིག་ཡིན་པས། རིམ་པ་ཁག་གི་དམག་སྤྱི་དང་དམག་དཔོན་རྣམས་ཀྱི་ལྟ་ཞིབ་གཅིག་ཐོག་ཉིས་བརྩེགས་འཁུར་དགོས་ལ། ཁོ་ཚོ་ནི་འབྱོར་ལྡན་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་རྒྱལ་ཁབ་ཀྱི་བྲན་གཡོག་ཡིན་པ་ཙམ་མ་ཟད། ད་དུང་དུས་དང་རྣམ་པ་ཀུན་ཏུ་འཕྲུལ་འཁོར་དང་ལས་དཔོན། བཟོ་གྲྭའི་བདག་པོ་འབྱོར་ལྡན་པ་དེ་ཉིད་བཅས་ཀྱིས་བྲན་བཀོལ་མྱོང་དགོས། སྒེར་གཅོད་ལམ་ལུགས་དེས་ཁེ་བཟང་ཟ་བ་དེ་བས་མངོན་སུམ་འཛེམ་མེད་ཀྱི་སྒོ་ནས་རང་ཉིད་ཀྱི་མཐར་ཐུག་གི་དམིགས་ཡུལ་ཡིན་པར་ཁྱབ་བསྒྲགས་བྱས་ན། དེ་ཙམ་གྱིས་ལམ་ལུགས་དེ་ཐ་ཤལ་ཆེ་བ་དང་སྡང་སེམས་སྐྱེ་བ། སྐྱུག་བྲོ་བ་ཞིག་ཏུ་གྱུར་ཡོད་པ་རེད།

ལག་པས་བཀོལ་སྤྱོད་གཏོང་རྒྱུར་མཁོ་བའི་བྱང་རྩལ་དང་ནུས་ཤུགས་དེ་བས་ཇེ་ཉུང་དུ་ཕྱིན་ན། ཚིག་གཞན་ཞིག་གི་ཐོག་ནས་བཤད་ན། དེང་རབས་ཀྱི་བཟོ་ལས་ཇི་ཙམ་འཕེལ་རྒྱས་བྱུང་ན། སྐྱེས་པ་བཟོ་པ་དེ་བུད་མེད་བཟོ་པ་དང་བྱིས་པའི་བཟོ་པས་ཟུར་འབུད་འཁེལ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་བ་རེད། བཟོ་པ་གྲལ་རིམ་ལ་ཆ་བཞག་ནས་བཤད་ན། ཕོ་མོའི་བར་གྱི་དབྱེ་བ་དང་ལོ་ན་ཆེ་ཆུང་གི་ཁྱད་པར་དེར་སྤྱི་ཚོགས་ཀྱི་དོན་སྙིང་གང་ཡང་མེད་སོང་། ཁོ་ཚོ་ཚང་མ་ངལ་རྩོལ་ཡོ་བྱད་ཡིན་ལ། ལོ་ན་དང་ཕོ་མོའི་ཁྱད་པར་གྱིས་འགྲོ་གྲོན་མི་འདྲ་བ་རེ་དགོས་པ་ཙམ་རེད།

བཟོ་གྲྭའི་བདག་པོས་བཟོ་པ་རྣམས་ལ་བཤུ་གཞོག་བྱེད་མཚམས་རེ་ཞིག་བཞག་ནས། བཟོ་པ་ཚོར་ལག་དངུལ་གྱི་གླ་ཕོགས་འཐོབ་པའི་སྐབས་སུ། འབྱོར་ལྡན་གྲལ་རིམ་ཁྲོད་ཀྱི་མི་གཞན་པ་ཁག་ཅིག་སྟེ—ཁང་བདག་དང་ཚོང་བདག་གཏའ་མའི་ཚོང་བདག་སོགས་ལམ་སང་ཁོ་ཚོའི་རྩར་མཆོངས་ནས་ཡོང་བ་རེད།

སྔོན་ཆད་ཀྱི་རིམ་པ་བར་མའི་འོག་རིམ་སྟེ། བཟོ་ལས་པ་ཆུང་བ་དང་ཚོང་པ་ཆུང་བ། ཁེ་ཆུང་གཉེར་མཁན་བཅས་དང་། ལག་ཤེས་བཟོ་ལས་པ་དང་ཞིང་པ་སྟེ—གྲལ་རིམ་དེ་ཚོ་ཚང་མ་འབྱོར་མེད་གྲལ་རིམ་གྱི་དཔུང་སྡེའི་ཁྲོད་དུ་ལྷུང་ཡོད། ལ་ལ་ནི་རང་ཉིད་ཀྱི་མ་རྩ་ཆུང་ཆུང་དེས་བཟོ་ལས་ཆེན་པོ་བདག་གཉེར་བྱེད་མ་ཐུབ་པ་དང་མ་རྩ་ཅན་ཆེ་ཙམ་རྣམས་ཀྱིས་འགྲན་རྩོད་དེར་འགྲན་མ་ཐུབ་པ་དང་། ལ་ལ་ནི་ཐོན་སྐྱེད་ཐབས་ཤེས་གསར་བ་དར་ནས་ཁོ་ཚོའི་ལག་རྩལ་དེར་ཕན་ནུས་གང་ཡང་ཐོན་མ་ཐུབ་པའི་རྐྱེན་གྱིས་རེད། འབྱོར་མེད་གྲལ་རིམ་ནི་དེ་ལྟར་བྱས་ནས་སྡོད་དམངས་ཀྱི་གྲལ་རིམ་ཡོད་ཚད་ནང་ནས་ཁ་གསབ་ཐེབས་ནས་ཇེ་མང་དུ་སོང་བ་རེད། 

འབྱོར་མེད་གྲལ་རིམ་གྱིས་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ་ཁག་བརྒྱུད་མྱོང་ཡོད་དེ། དེས་འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་རང་ཉིད་བྱུང་བ་ནས་མགོ་བརྩམས་པ་རེད།

དང་ཐོག་བཟོ་པ་རེ་གཉིས་དང་། དེ་ནས་བཟོ་གྲྭ་ག་གེ་མོའི་བཟོ་པ། དེ་ནས་ས་གནས་ག་གེ་མོའི་ངལ་རྩོལ་སྡེ་ཁག་ག་གེ་མོའི་བཟོ་པས་རང་ཉིད་ལ་ཐད་ཀར་བཤུ་གཞོག་བྱེད་མཁན་གྱི་འབྱོར་ལྡན་པ་རེ་གཉིས་དང་འཐབ་རྩོད་བྱས། ཁོ་ཚོས་འབྱོར་ལྡན་གྲལ་རིམ་གྱི་ཐོན་སྐྱེད་འབྲེལ་བར་ཕར་རྒོལ་བྱས་པ་ཙམ་མ་ཟད། ཐོན་སྐྱེད་ཡོ་བྱད་དེ་ཉིད་ལའང་ཕར་རྒོལ་བྱས་ཡོད་པ་རེད། ཁོ་ཚོས་འགྲན་རྩོད་བྱེད་པར་ཡོང་བའི་ཕྱི་རྒྱལ་གྱི་ཚོང་ཟོག་གཏོར་བརླག་དང་། འཕྲུལ་འཁོར་རྩ་གཏོར། བཟོ་གྲྭ་མེར་སྲེག་པ་བཅས་བྱས་ནས། ཤོར་ཚར་བའི་དུས་རབས་བར་མའི་བཟོ་པའི་གོ་གནས་དེ་སླར་གསོ་བྱེད་གང་ཐུབ་བྱས།

དུས་རིམ་དེར། བཟོ་པ་ནི་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཁ་གྲམ་ནས་བསྡད་ཡོད་ལ། འགྲན་རྩོད་ཀྱིས་ཁ་བྲལ་བཏང་བའི་མང་ཚོགས་སྐོར་ཞིག་རེད། བཟོ་པའི་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་བསྡུ་རུབ་དེ་ནི། ཁོ་ཚོ་རང་ཉིད་མཉམ་འབྲེལ་བྱས་པའི་མཇུག་འབྲས་ཤིག་ད་དུང་མིན་པར། འབྱོར་ལྡན་གྲལ་རིམ་མཉམ་འབྲེལ་བྱས་པའི་མཇུག་འབྲས་ཤིག་ཡིན། སྐབས་དེར་འབྱོར་ལྡན་གྲལ་རིམ་གྱིས་རང་ཉིད་ཀྱི་ཆབ་སྲིད་དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་ངེས་པར་དུ་འབྱོར་མེད་གྲལ་རིམ་ཧྲིལ་པོར་སྐུལ་སློང་བྱེད་དགོས་ལ་གནས་སྐབས་བྱེད་ཀྱང་ཐུབ། དེར་བརྟེན། དུས་རིམ་དེར། འབྱོར་མེད་པ་རྣམས་ཀྱིས་རང་ཉིད་ཀྱི་དགྲ་བོ་དང་འཐབ་རྩོད་བྱེད་པ་མ་ཡིན་པར། རང་ཉིད་ཀྱི་དགྲ་བོའི་དགྲ་བོ་དང་འཐབ་རྩོད་བྱས་པ་ཡིན་ཏེ། རྒྱལ་པོའི་སྒེར་གཅོད་ལམ་ལུགས་ཀྱི་ལྷག་འཕྲོ་དང་ཞིང་བདག  བཟོ་ལས་མིན་པའི་འབྱོར་ལྡན་པ། འབྱོར་ཆུང་པ་བཅས་དང་འཐབ་རྩོད་བྱེད་བཞིན་ཡོད།དེའི་ཕྱིར།ལོ་རྒྱུས་ཀྱི་ལས་འགུལ་ཧྲིལ་པོ་དེ་འབྱོར་ལྡན་གྲལ་རིམ་གྱི་ལག་ཏུ་གཅིག་སྡུད་བྱེད་ཐུབ་པ་བྱུང་ཡོད། ཆ་རྐྱེན་དེ་འདྲའི་འོག་ཐོབ་པའི་རྒྱལ་ཁ་ཚང་མ་ནི་འབྱོར་ལྡན་གྲལ་རིམ་གྱི་རྒྱལ་ཁ་ཤ་སྟག་རེད།

ཡིན་ན་ཡང་། བཟོ་ལས་འཕེལ་རྒྱས་དང་བསྟུན་ནས་འབྱོར་མེད་གྲལ་རིམ་གྱི་མི་གྲངས་འཕར་སྣོན་བྱུང་བ་མ་ཟད། དེ་མཉམ་འབྲེལ་བྱས་ནས་སྔར་ལས་ཀྱང་རྒྱ་ཆེ་བའི་ཚོགས་པ་ཞིག་གྲུབ་ཡོད། དེའི་སྟོབས་ཤུགས་ཉིན་རེ་བཞིན་ཆེ་རུ་སོང་བ་དང་། དེས་རང་ཉིད་ལ་སྟོབས་ཤུགས་ཡོད་པ་ཤེས་ཚོར་འབྱུང་བཞིན་ཡོད། འཕྲུལ་འཁོར་གྱིས་ངལ་རྩོལ་གྱི་ཁྱད་པར་དེ་ཉིན་རེ་བཞིན་ཇེ་ཆུང་དུ་ཕྱིན་པ་དང་། གླ་ཕོགས་དེ་ག་ས་གར་མར་ཆག་ནས་ཧ་ལམ་འདྲ་བའི་ཆུ་ཚད་དམའ་མོ་ཞིག་ལ་བསྐྱལ། དེར་བརྟེན་འབྱོར་མེད་གྲལ་རིམ་གྱི་ནང་ཁུལ་གྱི་ཁེ་ཕན་དང་འཚོ་བའི་གནས་ཚུལ་དེ་ཡང་རིམ་བཞིན་གཅིག་འདྲ་ཞིག་ཏུ་འགྱུར་བཞིན་ཡོད། འབྱོར་ལྡན་པ་ཕན་ཚུན་བར་གྱི་འགྲན་རྩོད་ཉིན་རེ་བཞིན་ཤུགས་ཇེ་དྲག་ཏུ་ཕྱིན་པ་དང་དེའི་རྐྱེན་གྱིས་ཚོང་ལས་ཀྱི་ཉམས་ཉེན་བྱུང་བས། བཟོ་པའི་གླ་ཕོགས་དེ་བས་ཀྱང་བརྟན་འཇགས་མིན་པ་ཞིག་ཏུ་གྱུར་པ་དང་། འཕྲུལ་འཁོར་གྱི་ཉིན་རེ་བཞིན་གྱི་མྱུར་ཆ་དང་རྒྱུན་ཆད་མེད་པར་ལེགས་བཅོས་བཏང་བའི་སྟབས་ཀྱིས། བཟོ་པ་ཚོའི་འཚོ་བའི་གོ་གནས་ཧྲིལ་པོ་དེ་བས་ཀྱང་འགན་སྲུང་མེད་པར་གྱུར། བཟོ་པ་རེ་གཉིས་དང་འབྱོར་ལྡན་པ་རེ་གཉིས་བར་གྱི་གདོང་གཏུག་དེ་བས་ཀྱང་གྲལ་རིམ་གཉིས་བར་གྱི་གདོང་གཏུག་གི་ངོ་བོ་ཅན་ཞིག་ལ་འགྱུར་འགྲོ་བཞིན་ཡོད། བཟོ་པ་ཚོས་འབྱོར་ལྡན་པར་ངོ་རྒོལ་བྱེད་པའི་མནའ་མཐུན་འཛུགས་རྒྱུའི་མགོ་བརྩམས། ཁོ་ཚོས་མཉམ་འབྲེལ་བྱས་ནས་རང་གི་གླ་ཕོགས་ལ་སྲུང་སྐྱོབ་བྱེད། ཁོ་ཚོས་ཐ་ན་རྒྱུན་ལྡན་རང་བཞིན་གྱི་ཚོགས་པ་བཙུགས་ནས། ངོ་རྒོལ་བྱེད་སྐབས་ཀྱི་འཚོ་བར་འགན་ལེན་ཡོང་ཆེད་བཟའ་ཆས་གྲ་སྒྲིག་བྱས། ས་གནས་ཁ་ཤས་སུ། འཐབ་རྩོད་བྱེད་པ་དེ་འོས་ལངས་སུ་གྱུར་པ་རེད།

བཟོ་པ་རྣམས་ལ་སྐབས་འགར་རྒྱལ་ཁ་ཐོབ་ཡོད། ཡིན་ན་ཡང་རྒྱལ་ཁ་དེ་ནི་གནས་སྐབས་ཙམ་གྱི་རེད། ཁོ་ཚོའི་འཐབ་རྩོད་ཀྱི་གྲུབ་འབྲས་ངོ་མ་ནི་ཐད་ཀར་ཐོབ་པའི་གྲུབ་འབྲས་དེ་མིན་པར། བཟོ་པ་རྣམས་ཀྱི་ཉིན་རེ་ནས་ཉིན་རེར་རྒྱ་ཆེ་རུ་འགྲོ་བཞིན་པའི་མཉམ་འབྲེལ་དེ་རེད། མཉམ་འབྲེལ་དེ་བཟོ་ལས་ཆེན་པོས་བཟོ་སྐྲུན་བྱས་པའི་ཉིན་རེ་ནས་ཉིན་རེར་དར་རྒྱས་སུ་ཕྱིན་པའི་འགྲིམ་འགྲུལ་ཡོ་བྱད་ཡོད་པས་འཕེལ་རྒྱས་འགྲོ་ཐུབ་པ་བྱུང་། འགྲིམ་འགྲུལ་ཡོ་བྱད་དེས་ས་གནས་སོ་སོའི་བཟོ་པ་རྣམས་ཕན་ཚུན་གཅིག་ཏུ་སྦྲེལ་ཡོད། འབྲེལ་བ་དེ་འདྲ་ཞིག་ཡོད་ན། ངོ་བོ་གཅིག་མཚུངས་ཀྱི་ས་གནས་རང་བཞིན་གྱི་འཐབ་རྩོད་མང་པོ་དེ་རྒྱལ་ཡོངས་རང་བཞིན་ལྡན་པའི་འཐབ་རྩོད་ཅིག་ཏུ་སྒྲིལ་ཐུབ་པ་དང་། གྲལ་རིམ་འཐབ་རྩོད་ཅིག་ཏུ་སྒྲིལ་ཐུབ་རྒྱུ་རེད། དེ་ཡང་གྲལ་རིམ་འཐབ་རྩོད་ཚང་མ་ནི་ཆབ་སྲིད་ཀྱི་འཐབ་རྩོད་ཤ་སྟག་ཡིན་པའོ། །དུས་རབས་བར་མའི་གྲོང་ཁྱེར་པས་གྲོང་གསེབ་ཀྱི་ལམ་འཕྲང་ལ་བརྟེན་ནས་ལོ་ངོ་བརྒྱ་ཕྲག་ཁ་ཤས་འགོར་ན་མ་གཏོགས་འགྲུབ་མི་ཐུབ་པའི་མཉམ་འབྲེལ་དེ། དེང་རབས་ཀྱི་འབྱོར་མེད་པས་ལྕགས་ལམ་བེད་སྤྱད་ནས་ལོ་ངོ་ཁ་ཤས་ཙམ་གྱིས་འགྲུབ་ཐུབ་ཡོད།

འབྱོར་མེད་པས་རང་ཉིད་རྩ་འཛུགས་བྱས་ནས་གྲལ་རིམ་ཞིག་ཆགས་པ་བྱེད་རྒྱུ་དང་། དེ་ནས་སྲིད་ཏང་ཞིག་ཆགས་པ་རྩ་འཛུགས་བྱེད་པའི་བྱ་བ་དེར། བཟོ་པ་ཚོས་ཕན་ཚུན་འགྲན་རྩོད་ཀྱི་དབང་གིས་གཏོར་བཤིག་ཀྱང་འཁེལ་གྱི་ཡོད། འོན་ཀྱང་། རྩ་འཛུགས་དེ་གང་ལྟར་ཐེངས་གཅིག་ཐེངས་གཉིས་མིན་པར་ཡང་བསྐྱར་ཐོན་ཡོང་བ་མ་ཟད། ཐེངས་རེ་ནས་ཐེངས་རེར་སྟོབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་སྲ་བརྟན་དུ་འགྲོ་བཞིན་ཡོད་པ། ཤུགས་ལྡན་དུ་འགྲོ་བཞིན་ཡོད། དེས་འབྱོར་ལྡན་གྲལ་རིམ་ནང་ཁུལ་གྱི་ཁ་འཐོར་བེད་སྤྱད་ནས། ཁོ་ཚོར་བཙན་སྐུལ་བྱས་ནས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་བཟོ་པའི་ཁེ་ཕན་རེ་གཉིས་ཁས་ལེན་དུ་འཇུག་པ་རེད། དབྱིན་ཇིའི་ལས་ཐོག་དུས་ཚོད་བཅུའི་ཁྲིམས་གཞི་ནི་དེའི་ཐད་ཀྱི་དཔེ་གཞི་ཞིག་ཡིན།

སྤྱི་ཚོགས་རྙིང་པའི་ནང་ཁུལ་གྱི་གདོང་གཏུག་ཡོད་ཚད་དེས་ཕྱོགས་མང་པོའི་ཐད་ནས་འབྱོར་མེད་གྲལ་རིམ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་ཐུབ་ཡོད། འབྱོར་ལྡན་གྲལ་རིམ་ནི་རྒྱུན་ཆད་མེད་པའི་འཐབ་རྩོད་ཀྱི་ཁྲོད་དུ་གནས་འདུག་སྟེ། དང་ཐོག་སྐུ་དྲག་ལ་ངོ་རྒོལ་བྱས་པ་དང་། དེའི་རྗེས་སུའང་སོ་སོའི་ཁེ་ཕན་དེ་བཟོ་ལས་ཡར་རྒྱས་འགྲོ་བ་དང་འགལ་བ་ཡིན་པའི་འབྱོར་ལྡན་གྲལ་རིམ་ཁག་ཅིག་ལ་ངོ་རྒོལ་བྱས་པ་མ་ཟད། དུས་རྒྱུན་དུ་ཕྱི་རྒྱལ་གྱི་འབྱོར་ལྡན་གྲལ་རིམ་མཐའ་དག་ལ་ངོ་རྒོལ་བྱེད་ཀྱིན་མཆིས། འཐབ་རྩོད་མཐའ་དག་ཁྲོད། འབྱོར་ལྡན་གྲལ་རིམ་གྱིས་འབྱོར་མེད་གྲལ་རིམ་ལ་རེ་འབོད་མི་བྱེད་ཀ་མེད་དུ་གྱུར་ཏེ། འབྱོར་མེད་གྲལ་རིམ་ལ་རོགས་སྐྱོར་གནང་རོགས་ཞེས་རེ་འདུན་ཞུས་པས། འབྱོར་མེད་གྲལ་རིམ་ནི་འདི་ལྟར་ཆབ་སྲིད་ལས་འགུལ་དུ་ཚུད་དགོས་བྱུང་། དེའི་དབང་གིས། འབྱོར་ལྡན་གྲལ་རིམ་གྱིས་རང་ཉིད་ཀྱི་སློབ་གསོའི་རྒྱུ་རྐྱེན་དེ་རང་ཉིད་ལ་ངོ་རྒོལ་བྱེད་པའི་མཚོན་ཆ་དེ་འབྱོར་མེད་གྲལ་རིམ་ལ་སྤྲད་པ་རེད།

དེ་ནས། ང་ཚོས་མཐོང་ཟིན་པ་ནི། བཟོ་ལས་ཡར་རྒྱས་ཕྱིན་པས་དབང་སྒྱུར་གྲལ་རིམ་གྱི་ཁོངས་མི་སྐོར་དང་ཁྱུ་བྱས་ནས་འབྱོར་མེད་གྲལ་རིམ་གྱི་དཔུང་སྡེའི་ནང་ལ་གཡུགས་ཡོད་པ་དང་། ཡང་ན་མ་མཐར་ཡང་ཁོ་ཚོའི་འཚོ་བའི་ཆ་རྐྱེན་ལ་འཇིགས་སྣང་སྐྱེལ་ཡོང་ཡོད། ཁོ་ཚོས་ཀྱང་འབྱོར་མེད་གྲལ་རིམ་ལ་སློབ་གསོའི་རྒྱུ་རྐྱེན་འབོར་ཆེན་སྐྱེལ་ཡོང་ཡོད་པ་རེད།

མཇུག་མཐར། གྲལ་རིམ་འཐབ་རྩོད་དེ་ཐག་གཅོད་དམག་འཐབ་རྒྱག་གྲབས་ཡོད་པའི་དུས་ལ་སླེབ་སྐབས། དབང་སྒྱུར་གྲལ་རིམ་ནང་ཁུལ་དང་སྤྱི་ཚོགས་རྙིང་པ་ཧྲིལ་པོའི་ནང་ཁུལ་ཐོར་ཞིག་ཏུ་འགྲོ་བའི་གོ་རིམ་དེ། ཧ་ཅང་ཛ་དྲག་ཆེ་བ་དང་ཧ་ཅང་རྣོ་ངར་ཆེ་བའི་ཚད་ལ་སླེབས་ཡོད་པ་དང་། ཐ་ན་དབང་སྒྱུར་གྲལ་རིམ་ཁྲོད་ཀྱི་མི་གྲངས་ཉུང་ཉུང་ཞིག་དབང་སྒྱུར་གྲལ་རིམ་དང་ཁ་བྲལ་ནས་གསར་བརྗེའི་གྲལ་རིམ་ལ་ཞུགས་པ་སྟེ། འབྱུང་འགྱུར་ཁ་ལོ་སྒྱུར་མཁན་གྲལ་རིམ་གྱི་གྲས་སུ་ཞུགས་དགོས་པ་བྱུང་། དེ་བས། སྔོན་ཆད་སྐུ་དྲག་ཁྲོད་དུ་མི་ཁག་ཅིག་འབྱོར་ལྡན་གྲལ་རིམ་གྱི་ཕྱོགས་སུ་འཁོར་བ་ནང་བཞིན། ད་ལྟ་འབྱོར་ལྡན་གྲལ་རིམ་ཁྲོད་དུའང་མི་ཁག་ཅིག་དང་། ལྷག་པར་དུ་རིགས་པའི་གཞུང་ལུགས་ཐོག་ནས་ལོ་རྒྱུས་ལས་འགུལ་ཧྲིལ་པོར་ངོས་འཛིན་བྱེད་ཐུབ་པའི་ཆུ་ཚད་དེ་འདྲ་ཞིག་ལ་སླེབས་ཡོད་པའི་འབྱོར་ལྡན་གྲལ་རིམ་གྱི་བསམ་བློ་པ་ཁག་ཅིག་འབྱོར་མེད་གྲལ་རིམ་གྱི་ཕྱོགས་སུ་འཁོར་བ་རེད།

ད་སྐབས་འབྱོར་ལྡན་གྲལ་རིམ་དང་འགལ་ཟླར་ལངས་པའི་གྲལ་རིམ་ཡོད་ཚད་ཀྱི་ཁྲོད་ནས། འབྱོར་མེད་གྲལ་རིམ་ཁོ་ན་ནི་གསར་བརྗེའི་གྲལ་རིམ་ངོ་མ་ཞིག་རེད། དེ་མིན་པའི་གྲལ་རིམ་ཚང་མ་བཟོ་ལས་ཆེན་པོ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཉིན་རེ་བཞིན་ཉམས་རྒུད་དང་རྩ་མེད་དུ་འགྲོ་བཞིན་ཡོད་པ་དང་། འབྱོར་མེད་གྲལ་རིམ་ནི་དེ་ལས་ལྡོག་སྟེ་བཟོ་ལས་ཆེན་པོ་དེ་ཉིད་ཀྱི་ཐོན་དངོས་ཤིག་ཡིན།

རིམ་པ་བར་མ་སྟེ་བཟོ་ལས་པ་ཆུང་བ་དང་། ཚོང་པ་ཆུང་བ། ལག་ཤེས་བཟོ་ལས་པ། ཞིང་པ་བཅས་ཀྱིས་འབྱོར་ལྡན་གྲལ་རིམ་དང་འཐབ་རྩོད་བྱེད་ཅིང་། དམིགས་ཡུལ་ནི་ཁོ་ཚོ་རིམ་པ་བར་མ་དེའི་འཚོ་གནས་སྲུང་སྐྱོང་བྱས་ནས། རང་ཉིད་རྩ་མེད་མི་འགྲོ་བ་བྱེད་རྒྱུའི་ཆེད་དུ་རེད། དེའི་ཕྱིར། ཁོ་ཚོ་ནི་གསར་བརྗེ་པ་མིན་པར་རྙིང་ཞེན་པ་ཡིན། དེའི་མི་ཚད། ཐ་ན་ཁོ་ཚོ་ནི་ལོག་སྤྱོད་པའང་རེད། རྒྱུ་མཚན་ནི་ཁོ་ཚོས་ལོ་རྒྱུས་ཀྱི་འཁོར་ལོ་དེ་ཕྱིར་འཁོར་རྒྱག་ཏུ་འཇུག་རྩིས་བྱེད་པ་རེད། གལ་ཏེ་ཁོ་ཚོ་གསར་བརྗེ་པ་ཡིན་པའི་དབང་དུ་བཏང་ན། དེ་ནི་ཁོ་ཚོ་འབྱོར་མེད་གྲལ་རིམ་གྱི་དཔུང་སྡེའི་ནང་དུ་ཡོང་གྲབས་ཡོད་པ་དེར་དམིགས་ནས་བཤད་པ་རེད། དེ་འདྲ་བྱུང་ན། ཁོ་ཚོས་རང་ཉིད་ཀྱི་མིག་སྔའི་ཁེ་ཕན་སྲུང་སྐྱོང་བྱེད་པ་མིན་པར། རང་ཉིད་ཀྱི་འབྱུང་འགྱུར་གྱི་ཁེ་ཕན་ལ་སྲུང་སྐྱོང་བྱས་པ་ཡིན་པས། ཁོ་ཚོས་དེ་སྔའི་རང་ཉིད་ཀྱི་ལངས་ཕྱོགས་བསྐྱུར་ནས། འབྱོར་མེད་གྲལ་རིམ་གྱི་ལངས་ཕྱོགས་སུ་ལངས་པ་རེད།

ཁྲམ་པ་འབྱོར་མེད་གྲལ་རིམ་ནི་སྤྱི་ཚོགས་རྙིང་པའི་རིམ་གྲས་ཆེས་དམའ་ཤོས་ཁྲོད་ཀྱི་སྒྱིད་ལུག་དང་རུལ་སུངས་ཀྱི་སྐོར་ཞིག་རེད། ཁོ་ཚོའང་སྐབས་འགར་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་ལས་འགུལ་དུ་ཞུགས་ཡོད། ཡིན་ན་ཡང་། ཁོ་ཚོའི་འཚོ་བའི་གནས་ཚུལ་ཧྲིལ་པོ་དེའི་དབང་གིས་ཁོ་ཚོ་མི་གཞན་གྱི་བསླུ་འོག་ལ་ཚུད་ནས། ལོག་སྤྱོད་ཀྱི་བྱ་ངན་བྱེད་ཀྱིན་ཡོད།

འབྱོར་མེད་གྲལ་རིམ་གྱི་འཚོ་བའི་ཆ་རྐྱེན་དེ་སྤྱི་ཚོགས་རྙིང་པའི་འཚོ་བའི་ཆ་རྐྱེན་ཁྲོད་དུ་རྩ་མེད་དུ་བཏང་ཚར། འབྱོར་མེད་པ་ལ་རྒྱུ་ནོར་མེད། ཁོ་ཚོ་དང་བཟའ་ཟླ་བུ་ཕྲུག་བར་གྱི་འབྲེལ་བ་དེ་འབྱོར་ལྡན་གྲལ་རིམ་གྱི་ཁྱིམ་ཚང་གི་འབྲེལ་བ་དང་མཚུངས་ཆ་ཅི་ཡང་མེད། དེང་རབས་ཀྱི་བཟོ་ལས་ངལ་རྩོལ་དང་དེང་རབས་ཀྱི་མ་རྩའི་གཉའ་གནོན་དེ། དབྱིན་ཇི་དང་ཡང་ན་ཧྥ་རན་སི་ཡིན་ནའང་འདྲ། ཨ་མེ་རི་ཁ་དང་ཡང་ན་འཇར་མན་ཡིན་ནའང་འདྲ། ཚང་མ་གཅིག་མཚུངས་ཡིན་པ་རེད། ཚང་མས་འབྱོར་མེད་པ་རྣམས་ལ་མི་རིགས་རང་བཞིན་ཅི་ཡང་མེད་པར་བཟོས་སོང་། བཅའ་ཁྲིམས་དང་ཀུན་སྤྱོད། ཆོས་ལུགས་བཅས་ཚང་མ་ནི་ཁོ་ཚོས་བལྟས་ན་འབྱོར་ལྡན་གྲལ་རིམ་གྱི་ཕྱོགས་ཞེན་ཞིག་དང་། ཕྱོགས་ཞེན་དེའི་ཕུག་ལ་ཡིབ་པ་ཚང་མ་འབྱོར་ལྡན་གྲལ་རིམ་གྱི་ཁེ་ཕན་ཡིན།

སྔོན་ཆད་གྲལ་རིམ་ཚང་མས་དབང་སྒྱུར་བརྩོན་ལེན་བྱས་རྗེས། ནམ་ཡིན་ཡང་སྤྱི་ཚོགས་ཧྲིལ་པོ་དེ་ཁོ་ཚོས་རྒྱུ་ནོར་སྤེལ་ནས་ཕྱུག་པོར་ཆགས་ཐབས་བྱེད་པའི་ཆ་རྐྱེན་དང་བསྟུན་དུ་བཅུག་ནས། ཁོ་ཚོར་ཐོབ་ཟིན་པའི་འཚོ་བའི་གོ་གནས་དེ་སྲ་བརྟན་གཏོང་བའི་རེ་ངན་བཅངས་བཞིན་ཡོད། འབྱོར་མེད་པ་རྣམས་ཀྱིས་རང་ཉིད་ཀྱི་ད་ཡོད་བདག་བཟུང་བྱེད་ལུགས་རྩ་མེད་དུ་བཏང་སྟེ། དེ་ནས་ད་ཡོད་ཀྱི་བདག་བཟུང་བྱེད་ལུགས་ཡོངས་རྫོགས་རྩ་མེད་དུ་བཏང་ན། ད་གཟོད་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཐོབ་ཐུབ། འབྱོར་མེད་པ་རང་ཉིད་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པའི་དངོས་པོ་གང་ཡང་མེད་པས། ཁོ་ཚོས་ངེས་པར་དུ་ད་ལྟའི་བར་སྒེར་ལ་དབང་བའི་རྒྱུ་ནོར་སྲུང་སྐྱོབ་དང་འགན་སྲུང་བྱེད་པའི་རིགས་ཚང་མ་རྩ་གཏོར་གཏོང་དགོས་པ་རེད།

སྔོན་ཆད་ཀྱི་ལས་འགུལ་ཚང་མ་ནི་མི་ཉུང་ཉུང་ཞིག་གི་ལས་འགུལ་དང་ཡང་ན་མི་ཉུང་ཉུང་ཞིག་ལ་ཁེ་ཕན་སྒྲུབ་པའི་ལས་འགུལ་ཡིན། འབྱོར་མེད་གྲལ་རིམ་གྱི་ལས་འགུལ་ནི་མི་ཆེས་མང་ཆེ་བ་དང་མི་ཆེས་མང་ཆེ་བའི་ཆེད་དུ་ཁེ་ཕན་སྒྲུབ་པའི་རང་ཚུགས་ཀྱི་ལས་འགུལ་ཞིག་ཡིན། འབྱོར་མེད་གྲལ་རིམ་སྟེ། ད་ལྟའི་སྤྱི་ཚོགས་ཀྱི་རིམ་གྲས་ཆེས་དམའ་ཤོས་དེས། གལ་ཏེ་གཞུང་ཕྱོགས་ཀྱི་སྤྱི་ཚོགས་གྲུབ་པའི་གོང་རིམ་ཧྲིལ་པོ་དེ་རྩ་གཏོར་མ་བཏང་ན། མགོ་བོ་ཡར་འགྱོག་མི་ཐུབ་ལ་སྐེད་པ་དགྱེ་དགྱེ་བྱེད་མི་ཐུབ་བོ།།

གལ་ཏེ་ནང་དོན་ཐོག་ནས་མ་ཡིན་པར་རྣམ་པའི་ཐོག་ནས་བཤད་ན། འབྱོར་མེད་གྲལ་རིམ་གྱིས་འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་དེ། ཐོག་མར་རྒྱལ་ཁབ་གཅིག་གི་ཁྱབ་ཁོངས་ནང་ཁུལ་གྱི་འཐབ་རྩོད་ཅིག་རེད། རྒྱལ་ཁབ་སོ་སོའི་འབྱོར་མེད་གྲལ་རིམ་གྱིས་ཐོག་མར་རང་གི་རྒྱལ་ཁབ་ཀྱི་འབྱོར་ལྡན་གྲལ་རིམ་གཏོར་དགོས་པ་ནི་སྨྲས་མ་དགོས།

འབྱོར་མེད་གྲལ་རིམ་འཕེལ་རྒྱས་འགྲོ་བའི་དུས་རིམ་ཆེས་སྤྱིར་བཏང་བའི་སྐོར་རྒྱས་བཤད་བྱེད་སྐབས། ང་ཚོས་ད་ཡོད་སྤྱི་ཚོགས་ནང་ཁུལ་གྱི་མི་མངོན་པའི་རྒྱལ་ནང་གི་དམག་འཁྲུག་དང་། མཐར་དམག་འཁྲུག་དེ་མངོན་གསལ་གྱི་གསར་བརྗེ་རུ་གྱུར་ཏེ། འབྱོར་མེད་གྲལ་རིམ་གྱིས་དྲག་ཤུགས་སྤྱད་ནས་འབྱོར་ལྡན་གྲལ་རིམ་མགོ་རྟིང་བསློགས་ཏེ་རང་ཉིད་ཀྱིས་དབང་སྒྱུར་འཛུགས་རྒྱུའི་སྐོར་ལ་རིམ་པ་བཞིན་དཔྱད་བསྡུར་བྱས་པ་ཡིན།

ང་ཚོས་མཐོང་གསལ་ལྟར། ད་བར་གྱི་སྤྱི་ཚོགས་ཚང་མ་ནི་གཉའ་གནོན་བྱེད་མཁན་གྲལ་རིམ་དང་གཉའ་གནོན་མྱོང་མཁན་གྲལ་རིམ་གཉིས་འགལ་ཟླར་ལངས་པའི་ཐོག་བཙུགས་པ་ཞིག་ཡིན། འོན་ཀྱང་། གྲལ་རིམ་ཞིག་ལ་གཉའ་གནོན་བྱེད་ཐུབ་པའི་ཆེད་དུ། ངེས་པར་དུ་ཉུང་མཐར་ཡང་གྲལ་རིམ་དེར་བྲན་གཡོག་ལྟ་བུའི་འཚོ་གནས་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆ་རྐྱེན་ཞིག་ངེས་པར་དུ་དགོས་པ་རེད། ཞིང་བྲན་ནི་དེ་སྔ་ཞིང་བྲན་ལམ་ལུགས་ཀྱི་འོག་ཏུ་འཕག་འཚག་བྱས་ནས་སྤྱི་ཁང་གི་ཁོངས་མིའི་གནས་ལ་སླེབས་པ་དང་། འབྱོར་ཆུང་པས་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་ལམ་ལུགས་ཀྱི་འཆིང་རྒྱའི་འོག་ཏུ་འཕག་འཚག་བརྒྱབ་ནས་འབྱོར་ལྡན་པའི་གནས་ལ་སླེབས། དེང་རབས་ཀྱི་བཟོ་པ་དེ་ལས་ལྡོག་སྟེ།ཁོ་ཚོ་ནི་བཟོ་ལས་ཀྱི་ཡར་རྒྱས་དང་ཆབས་ཅིག་གོང་འཕེལ་འགྲོ་བཞིན་པ་མིན་པར། ཉིན་རེ་ནས་ཉིན་རེར་རང་ཉིད་ཀྱི་གྲལ་རིམ་གྱི་འཚོ་གནས་ཆ་རྐྱེན་དེའི་མན་ཆད་དུ་ལྷུང་བཞིན་ཡོད། བཟོ་པ་རྣམས་དབུལ་པོ་དབུལ་རྐྱང་དུ་གྱུར་པ་དང་། དབུལ་ཕོངས་སུ་གྱུར་པའི་ཚད་དེ་མི་གྲངས་དང་རྒྱུ་ནོར་གྱི་འཕར་ཚད་ལས་ཀྱང་མགྱོགས། དེ་ལས་གསལ་བོར་མཐོང་བ་ནི། འབྱོར་ལྡན་གྲལ་རིམ་ནི་སྔར་བཞིན་སྤྱི་ཚོགས་ཀྱི་དབང་སྒྱུར་གྲལ་རིམ་བྱེད་མི་ཐུབ་པ་དང་། སྔར་བཞིན་རང་ཉིད་ཀྱི་གྲལ་རིམ་གྱི་འཚོ་གནས་ཆ་རྐྱེན་དེ་ཐམས་ཅད་ཁ་ལོ་སྒྱུར་བའི་ཆོས་ཉིད་ཅིག་ལ་བརྩིས་ནས་སྤྱི་ཚོགས་ལ་བཙན་འགེལ་བྱེད་མི་ཐུབ་པར་གྱུར་པ་རེད། འབྱོར་ལྡན་གྲལ་རིམ་གྱིས་མུ་མཐུད་དུ་དབང་སྒྱུར་བྱེད་མི་ཐུབ་པར་གྱུར། རྒྱུ་མཚན་ཅི་ཡིན་ཟེར་ན། ཁོ་ཚོས་ཐ་ན་རང་གི་བྲན་གཡོག་རྣམས་ཀྱིས་བྲན་གཡོག་གི་འཚོ་བ་དེ་རྒྱུན་འཛིན་བྱེད་པར་འགན་ལེན་བྱེད་མི་ཐུབ་པ་དང་། རང་གི་བྲན་གཡོག་རྣམས་ཀྱིས་རང་ཉིད་འཚོ་སྐྱོང་བྱེད་ཐུབ་པ་ལྟ་ཅི། དེ་ལས་ལྡོག་སྟེ་བྲན་གཡོག་རྣམས་ཁོ་ཚོས་འཚོ་སྐྱོང་བྱེད་དགོས་པའི་གནས་སུ་ལྷུང་དུ་བཅུག་པའི་རྐྱེན་གྱིས་རེད། སྤྱི་ཚོགས་མུ་མཐུད་དུ་ཁོ་ཚོས་དབང་སྒྱུར་འོག་ཏུ་གནས་ཐབས་མེད་པར་གྱུར། གསལ་བོ་བཤད་ན། དེ་ཚོའི་འཚོ་གནས་སྤྱི་ཚོགས་དང་མཐུན་ཐབས་མེད་པར་གྱུར་པ་རེད།

འབྱོར་ལྡན་གྲལ་རིམ་གྱི་འཚོ་གནས་དང་དབང་སྒྱུར་གྱི་རྩ་བའི་ཆ་རྐྱེན་ནི། རྒྱུ་ནོར་མི་སྒེར་གྱི་ལག་ཏུ་གསོག་འཇོག་བྱུང་བ་དེ། མ་རྩའི་ཆགས་གྲུབ་དང་འཕར་སྣོན་ཡིན། མ་རྩའི་ཆ་རྐྱེན་ནི་གླ་པའི་ངལ་རྩོལ་ཡིན། གླ་པའི་ངལ་རྩོལ་ནི་ཡིན་བཟོ་པ་ཕན་ཚུན་འགྲན་རྩོད་བྱེད་པའི་སྟེང་དུ་བཙུགས་པ་ཤ་སྟག་ཅིག་ཡིན། འབྱོར་ལྡན་གྲལ་རིམ་གྱིས་སྣང་མེད་འོག་བཟོས་ཤིང་ཡང་འགོག་རྒོལ་གྱི་ནུས་ཤུགས་བྲལ་བའི་བཟོ་ལས་ཡར་རྒྱས་ཕྱིན་པ་དེས། བཟོ་པ་རྣམས་ཚོགས་བསྒྲིགས་ནས་གྲུབ་པའི་གསར་བརྗེའི་མཉམ་འབྲེལ་དེས་ཁོ་ཚོ་འགྲན་རྩོད་ཀྱི་དབང་གིས་ཁ་ཐོར་དུ་བསྡད་པའི་གནས་ཚུལ་དེའི་ཚབ་བྱེད་ཐུབ་པ་བྱུང་ཞིང་། དེར་བརྟེན། བཟོ་ལས་ཆེན་པོའི་འཕེལ་རྒྱས་དང་ཆབས་ཅིག འབྱོར་ལྡན་གྲལ་རིམ་གྱིས་ཐོན་སྐྱེད་དང་ཐོན་རྫས་བདག་བཟུང་བྱེད་པའི་རྨང་གཞི་དེ་ཉིད་ཀྱང་དེའི་རྐང་འོག་ནས་བྲུས་པ་རེད། དེས་ཐོག་མར་ཐོན་སྐྱེད་བྱས་པ་ནི་རང་ཉིད་ཀྱི་དུར་ཁུང་རྐོ་མཁན་རེད། འབྱོར་ལྡན་གྲལ་རིམ་རྩ་མེད་དུ་འགྲོ་བ་དང་འབྱོར་མེད་གྲལ་རིམ་ལ་རྒྱལ་ཁ་ཐོབ་པ་ནི་གཡོལ་ཐབས་མེད་པ་ཞིག་རེད།


མཉམ་སྤྱོད།