དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འབྱོར་མེད་པ་དང་གུང་ཁྲན་ཏང་མི། (༣)

2025-07-18 10:31:04   |   427

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


འབྱོར་ལྡན་གྲལ་རིམ་གྱི་གཉེན་སྒྲིག་ནི་དོན་དངོས་སུ་ཆུང་མ་སྤྱི་དབང་ལམ་ལུགས་རེད། མི་རྣམས་ཀྱིས་གུང་ཁྲན་ཏང་མི་ལ་སྡིགས་མོ་བཏང་སྟེ། ཁོ་ཚོས་དངོས་སུ་དང་མངོན་གསལ་གྱི་ཆུང་མ་སྤྱི་དབང་ལམ་ལུགས་དེས་བཟང་རྫུས་དང་གཡོ་འགེབས་བྱས་པའི་ཆུང་མ་སྤྱི་དབང་ལམ་ལུགས་ཀྱི་ཚབ་བྱེད་འདོད་པ་རེད་ཅེས་མ་གཏོགས་བཤད་ཐུབ་པ་མ་རེད། འོན་ཀྱང་དོན་དངོས་སུ་ད་ལྟའི་ཐོན་སྐྱེད་འབྲེལ་བ་རྩ་མེད་དུ་གྱུར་པ་དང་བསྟུན་ནས། འབྲེལ་བ་རིགས་འདི་ལས་བྱུང་བའི་ཆུང་མ་སྤྱི་དབང་ལམ་ལུགས་ཏེ། དངོས་སུ་དང་དངོས་སུ་མ་ཡིན་པའི་སྨད་འཚོང་དེ་ཡང་རྩ་མེད་དུ་འགྲོ་ངེས་ཡིན།

ཡང་མི་ལ་ལས་གུང་ཁྲན་ཏང་མིར་སྡིགས་མོ་བཏང་སྟེ། ཁོ་ཚོས་མེས་རྒྱལ་མེད་པར་བཟོ་བ་དང་། མི་རིགས་མེད་པར་བཟོ་རྒྱུ་རེད་ཅེས་འཆད་བཞིན་ཡོད།

བཟོ་པར་མེས་རྒྱལ་ཡོད་པ་མ་རེད། ཁོ་ཚོར་མེད་པའི་རིགས་དེ་གཏན་ནས་འཕྲོག་རྒྱུ་ཡོད་པ་མ་རེད། རྒྱུ་མཚན་ནི་འབྱོར་མེད་གྲལ་རིམ་གྱིས་ཐོག་མར་ངེས་པར་དུ་ཆབ་སྲིད་དབང་སྒྱུར་བྱེད་དགོས་ཤིང་། དེ་ཡར་འཕར་ནས་མི་རིགས་ཀྱི་གྲལ་རིམ་ལ་སླེབས་པ་བྱས་ཏེ། རང་ཉིད་རྩ་འཛུགས་བྱས་ནས་མི་རིགས་ཤིག་ཆགས་པར་བྱས་པས། འབྱོར་ལྡན་གྲལ་རིམ་གྱིས་གོ་བ་ལེན་པའི་ནང་དོན་དེ་དང་གཏན་ནས་མི་འདྲ་ནའང་། དེ་ཉིད་ད་དུང་མི་རིགས་བྱུང་བ་ཡིན།

འབྱོར་ལྡན་གྲལ་རིམ་འཕེལ་རྒྱས་བྱུང་བ་དང་། ཉོ་ཚོང་རང་དབང་མངོན་འགྱུར་དང་འཛམ་གླིང་ཚོང་ར་གསར་འཛུགས་བྱུང་བ། བཟོ་ལས་ཐོན་སྐྱེད་དང་། དེ་དང་མཐུན་པའི་འཚོ་བའི་ཆ་རྐྱེན་རིམ་བཞིན་གཅིག་གྱུར་བྱུང་བ་བཅས་དང་བསྟུན་ནས། རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མི་རིགས་ཀྱི་བར་ཐག་དང་འགལ་ཟླ་དེ་ཉིན་རེ་བཞིན་མེད་པར་འགྱུར་བཞིན་ཡོད།

འབྱོར་མེད་གྲལ་རིམ་གྱི་དབང་སྒྱུར་དེས་དེ་ཚོ་སྔར་ལས་མགྱོགས་མྱུར་ངང་མེད་པར་འགྱུར་དུ་འཇུག མཉམ་འབྲེལ་བྱ་སྤྱོད་དེ། ཉུང་མཐར་ཡང་ཤེས་དཔལ་དར་བའི་རྒྱལ་ཁབ་ཁག་གི་མཉམ་འབྲེལ་བྱ་སྤྱོད་ནི། འབྱོར་མེད་གྲལ་རིམ་བཅིངས་འགྲོལ་ཐོབ་པའི་ཆ་རྐྱེན་གཙོ་བོ་གྲས་ཀྱི་གཅིག་ཡིན།

མིས་མི་ལ་བཤུ་གཞོག་གཏོང་བ་དེ་རྩ་མེད་དུ་གྱུར་ཚེ། མི་རིགས་ཀྱིས་མི་རིགས་ལ་བཤུ་གཞོག་གཏོང་བ་དེའང་ཆབས་ཅིག་རྩ་མེད་འགྲོ་བ་རེད། 

མི་རིགས་ནང་ཁུལ་གྱི་གྲལ་རིམ་འགལ་ཟླ་མེད་པར་ཕྱིན་ཚེ། མི་རིགས་བར་གྱི་དགྲར་འཛིན་གྱི་འབྲེལ་བ་དེའང་དེ་དང་ཆབས་ཅིག་མེད་པར་འགྲོ་བ་ཡིན།

ཆོས་ལུགས་དང་མཚན་ཉིད་རིག་པ། འདུ་ཤེས་འཛིན་སྟངས་ཡོད་ཚད་ཀྱི་ལྟ་བའི་ཐོག་ནས་གུང་ཁྲན་རིང་ལུགས་ལ་སྐྱོན་འཛུགས་སྣ་ཚོགས་བྱས་པ་ཚང་མར་གྲོས་བསྡུར་ཞིབ་ཕྲ་བྱེད་རིན་མི་འདུག་གོ །

མི་རྣམས་ཀྱི་ལྟ་ཚུལ་དང་ལྟ་བ། གོ་དོན་བཅས་ཏེ། ཚིག་གཅིག་ཏུ་བསྡུས་ནས་བཤད་ན། མི་རྣམས་ཀྱི་འདུ་ཤེས་དེ། མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་དང་། མི་རྣམས་ཀྱི་སྤྱི་ཚོགས་འབྲེལ་བ། མི་རྣམས་སྤྱི་ཚོགས་སུ་གནས་པ་བཅས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་འགྱུར་བཞིན་ཡོད་ཅིང་། འདི་ནི་བསམ་བློ་གཏིང་ཟབ་པོ་བཏང་ན་མ་གཏོགས་ཧ་གོ་མི་ཐུབ་པ་ཞིག་རེད་དམ།

བསམ་བློའི་ལོ་རྒྱུས་ཀྱིས་བསམ་པའི་ཐོན་སྐྱེད་དེ་དངོས་པོའི་ཐོན་སྐྱེད་སྒྱུར་བཀོད་བྱས་པ་དང་བསྟུན་ནས་སྒྱུར་བཀོད་བྱེད་བཞིན་ཡོད་པ་ར་སྤྲོད་བྱས་པ་ཕུད། གཞན་ཅི་ཞིག་ར་སྤྲོད་བྱས་ཡོད་པ་རེད་དམ། དུས་རབས་གང་ཞིག་གི་དབང་སྒྱུར་བསམ་བློ་ཡིན་རུང་ཚང་མ་ནམ་ཡང་དབང་སྒྱུར་གྲལ་རིམ་རང་གི་བསམ་བློ་རེད།

མི་རྣམས་ཀྱིས་སྤྱི་ཚོགས་ཧྲིལ་པོ་གསར་བརྗེ་ཅན་དུ་འགྱུར་བའི་བསམ་བློ་གླེང་དུས། ཁོ་ཚོས་དོན་དངོས་གཅིག་ཙམ་གསལ་བོར་བསྟན་པ་སྟེ། སྤྱི་ཚོགས་རྙིང་པའི་ནང་ཁུལ་དུ་སྤྱི་ཚོགས་གསར་བའི་རྒྱུ་རྐྱེན་ཆགས་ཟིན་པ་དང་། བསམ་བློ་རྙིང་པ་ཐོར་ཞིག་ཏུ་འགྲོ་བ་དེ་འཚོ་བ་རྙིང་པའི་ཆ་རྐྱེན་ཐོར་ཞིག་ཏུ་འགྲོ་བ་དང་གོམ་སྟབས་གཅིག་མཐུན་ཡིན་པ་རེད།

གནའ་རབས་ཀྱི་འཇིག་རྟེན་རྩ་མེད་དུ་འགྲོ་སྐབས། གནའ་རབས་ཀྱི་ཆོས་ལུགས་སྣ་ཚོགས་ལས་ཡེ་ཤུའི་ཆོས་ལུགས་རྣམ་པར་རྒྱལ་བ་རེད། དུས་རབས་བཅོ་བརྒྱད་པའི་སྐབས་སུ་བློ་སྒོ་འབྱེད་པའི་བསམ་བློ་དེས་ཡེ་ཤུའི་ཆོས་ལུགས་ཀྱི་བསམ་བློ་གཏོར་ཕམ་གཏོང་སྐབས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱིས་སྐབས་དེར་གསར་བརྗེ་བྱེད་པའི་འབྱོར་ལྡན་གྲལ་རིམ་དང་ཤི་གསོན་གྱི་འཐབ་རྩོད་བྱེད་བཞིན་ཡོད། དད་མོས་རང་དབང་དང་ཆོས་ལུགས་རང་དབང་གི་བསམ་བློ་དེས། རང་དབང་འགྲན་རྩོད་ཀྱིས་དད་མོས་ཁྱབ་ཁོངས་ཁྲོད་དབང་སྒྱུར་གྱི་གོ་གནས་བཟུང་ཡོད་པ་གསལ་བོར་མཚོན་པ་ཙམ་རེད།

“འོན་ཀྱང་།” མི་ལ་ལས་བཤད་སྲིད་པ་ནི། “ཆོས་ལུགས་དང་ཀུན་སྤྱོད། མཚན་ཉིད་རིག་པ། ཆབ་སྲིད། ཁྲིམས་ལུགས་བཅས་ཀྱི་ལྟ་ཚུལ་ལ་སོགས་ནི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་ཁྲོད་རྒྱུན་མ་ཆད་པར་འགྱུར་ལྡོག་བྱུང་བ་ནི་སྨོས་མེད་ཡིན་ནའང་། ཆོས་ལུགས་དང་ཀུན་སྤྱོད། མཚན་ཉིད་རིག་པ། ཆབ་སྲིད། ཁྲིམས་ལུགས་བཅས་ནི་འགྱུར་ལྡོག་རིགས་འདིའི་ཁྲོད་དུ་ནམ་ཡང་སྲུང་འཛིན་བྱས་ཡོད།

གཞན་ཡང་། ད་དུང་སྤྱི་ཚོགས་གནས་སྟངས་མཐའ་དག་ཐུན་མོང་ལ་རྟག་བརྟན་བདེན་དོན་ཞིག་གནས་ཡོད་པ་ནི། དཔེར་ན། རང་དབང་དང་དྲང་བདེན་ལ་སོགས་ལྟ་བུ་རེད། ཡིན་ནའང་གུང་ཁྲན་རིང་ལུགས་ཀྱིས་རྟག་བརྟན་བདེན་དོན་དེ་མེད་པར་བཟོ་བ་རེད། དེས་ཆོས་ལུགས་དང་ཀུན་སྤྱོད་མེད་པར་བཟོས་པ་ལས་གསར་བཅོས་མི་བྱེད། དེར་བརྟེན་གུང་ཁྲན་རིང་ལུགས་ནི་ད་ལྟའི་བར་གྱི་ལོ་རྒྱུས་འཕེལ་རྒྱས་ཡོངས་དང་འགལ་ཟླར་གྱུར་པ་ཡིན”ཞེས་ཟེར།

སྐྱོན་འཛུགས་འདི་རིགས་མདོར་བསྡུས་ན་ཅི་ཞིག་ཡིན་ནམ་ཞེ་ན། ད་བར་དུ་སྤྱི་ཚོགས་ཀྱི་ལོ་རྒྱུས་ཡོད་ཚད་ནི་གྲལ་རིམ་འགལ་ཟླའི་ཁྲོད་དུ་འགུལ་སྐྱོད་བྱེད་ཅིང་། འགལ་ཟླ་འདི་རིགས་ལ་དུས་རབས་མི་འདྲ་བར་རྣམ་པ་མི་འདྲ་བ་རེ་ཡོད།

འོན་ཀྱང་། གྲལ་རིམ་འགལ་ཟླར་རྣམ་པ་ཅི་འདྲ་ཞིག་ཡོད་ཀྱང་། སྤྱི་ཚོགས་ཐོག་མི་ཁག་ཅིག་གིས་མི་ཁག་གཞན་ཞིག་ལ་བཤུ་གཞོག་བྱེད་པ་དེ་སྔོན་གྱི་དུས་རབས་ཚང་མར་ཐུན་མོང་དུ་ཡོད་པའི་དོན་དངོས་ཤིག་རེད། དེའི་ཕྱིར།དུས་རབས་སོ་སོའི་སྤྱི་ཚོགས་འདུ་ཤེས་དེ་རྣམ་པ་སྣ་ཚོགས་དང་ཁྱད་པར་མི་འདྲ་བ་མང་པོ་ཡོད་ཀྱང་། དེ་ནི་ནམ་ཡང་ཐུན་མོང་གི་རྣམ་པ་ཞིག་གི་ཁྲོད་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པ་དེར་ཡ་མཚན་རྒྱུ་ཅི་ཡང་མེད། རྣམ་པ་དེ་དག་དང་། འདུ་ཤེས་རྣམ་པ་དེ་དག་ནི། གྲལ་རིམ་འགལ་ཟླ་རྩ་བ་ནས་མེད་པར་གྱུར་པ་ན། ད་གཟོད་རྦད་དེ་མེད་པར་འགྲོ་བ་རེད།

གུང་ཁྲན་རིང་ལུགས་ཀྱི་གསར་བརྗེ་ནི་སྲོལ་རྒྱུན་གྱི་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་དང་འབྲེལ་ཐག་རྦད་དེ་གཅོད་རྒྱུ་དེ་རེད། དེ་ནི་རང་ཉིད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྲོལ་རྒྱུན་གྱི་ལྟ་ཚུལ་དང་འབྲེལ་ཐག་རྦད་དེ་གཅོད་པ་ཡིན་པས་དེ་ལ་ཡ་མཚན་རྒྱུ་ཅི་ཡང་མེད་དོ། །

ཡིན་ནའང་། ང་ཚོས་འབྱོར་ལྡན་གྲལ་རིམ་གྱིས་གུང་ཁྲན་རིང་ལུགས་ལ་སྐྱོན་འཛུགས་སྣ་ཚོགས་བྱས་པ་དེ་ཕར་གཡུགས་ཞོག

གོང་དུ་ང་ཚོས་མཐོང་གསལ་ལྟར། བཟོ་པའི་གསར་བརྗེའི་གོམ་སྟབས་དང་པོ་ནི་འབྱོར་མེད་གྲལ་རིམ་དེ་དབང་སྒྱུར་གྲལ་རིམ་དུ་འཕར་ཏེ། དམངས་གཙོ་བརྩོན་ལེན་བྱེད་དགོས།

འབྱོར་མེད་གྲལ་རིམ་གྱིས་རང་ཉིད་ཀྱི་ཆབ་སྲིད་དབང་སྒྱུར་བེད་སྤྱད་ནས། གོམ་པ་རེ་རེ་བཞིན་འབྱོར་ལྡན་གྲལ་རིམ་གྱི་མ་རྩ་ཡོངས་རྫོགས་ཕྲོགས་ཏེ། ཐོན་སྐྱེད་ཡོ་བྱད་ཡོད་ཚད་དེ་རྒྱལ་ཁབ་ཏུ་གཅིག་སྡུད་བྱས་པ་སྟེ། དབང་སྒྱུར་གྲལ་རིམ་དུ་རྩ་འཛུགས་བྱས་པའི་འབྱོར་མེད་གྲལ་རིམ་གྱི་ལག་ཏུ་གཅིག་སྡུད་བྱེད་དགོས་པར་མ་ཟད། གང་མགྱོགས་ཅི་མགྱོགས་ཀྱིས་ཐོན་སྐྱེད་ནུས་ཤུགས་ཀྱི་སྡོམ་འབོར་འཕར་སྣོན་ཡོང་བ་བྱེད་དགོས།

འདི་འདྲ་ཞིག་ཡོང་དགོས་ན། ཐོག་མར་དབང་བའི་དབང་ཆ་དང་འབྱོར་ལྡན་གྲལ་རིམ་གྱི་ཐོན་སྐྱེད་འབྲེལ་བར་ངེས་པར་དུ་བཙན་ཤེད་རང་བཞིན་གྱིས་ཐེ་གཏོགས་བྱེད་དགོས་ཤིང་། བྱེད་ཐབས་འདི་འདྲ་སྤྱོད་དགོས་ཏེ། བྱེད་ཐབས་འདི་དག་དཔལ་འབྱོར་ཐོག་ཏུ་ཆ་བཞག་ནས་བཤད་ན། ཆ་མི་ཚང་བ་དང་རྒྱུན་མཐུད་དཀའ་བ་འདྲ་བོ་ཞིག་ཡིན་ནའང་། ལས་འགུལ་འཕེལ་རིམ་ཁྲོད་དེ་དག་རང་ཉིད་ལས་བརྒལ་སྲིད་པར་མ་ཟད། ཐོན་སྐྱེད་བྱེད་སྟངས་ཡོངས་རྫོགས་སྒྱུར་བཅོས་བྱེད་པའི་བྱེད་ཐབས་ཡིན་པའི་ཆ་ནས་མེད་དུ་མི་རུང་བ་ཞིག་ཡིན།

བྱེད་སྟངས་འདི་རྣམས་རྒྱལ་ཁབ་མི་འདྲ་བའི་ནང་མི་འདྲ་བ་ཡིན་པ་ནི་བཤད་མི་དགོས་པ་ཞིག་རེད།

ཡིན་ནའང་། ཆེས་སྔོན་ཐོན་གྱི་རྒྱལ་ཁབ་ཚང་མས་ཕལ་ཆེར་གཤམ་གསལ་གྱི་བྱེད་ཐབས་སྤྱོད་ཆོག་པ་སྟེ།

1. ས་ཐོན་ཕྲོགས་ཏེ། ས་བོགས་དེ་རྒྱལ་ཁབ་ཀྱི་འགྲོ་གྲོན་དུ་སྤྱོད་པ།

2. རིམ་འཕར་དཔྱ་ཁྲལ་མཐོན་པོ་བསྡུ་བ།

3. ཤུལ་འཛིན་དབང་ཆ་མེད་པར་བཟོ་བ།

4. བྲོས་བྱོལ་པ་དང་ངོ་ལོག་ཟིང་འཁྲུག་པ་ཚང་མའི་རྒྱུ་ནོར་གཞུང་བཞེས་གཏོང་བ།

5. རྒྱལ་ཁབ་ཀྱི་མ་རྩ་བཟུང་ཡོད་པ་དང་སྒེར་སྡོམ་གྱི་དབང་ཆ་གཅིག་པུས་ལོངས་སུ་སྤྱོད་པའི་རྒྱལ་ཁབ་དངུལ་ཁང་ལ་བརྟེན་ནས། ཡིད་རྟོན་དངུལ་བུན་རྣམས་རྒྱལ་ཁབ་ཀྱི་ལག་ཏུ་གཅིག་སྡུད་བྱེད་པ།

6. སྐྱེལ་འདྲེན་ལས་རིགས་ཡོངས་རྫོགས་རྒྱལ་ཁབ་ཀྱི་ལག་ཏུ་གཅིག་སྡུད་བྱེད་པ།

7. སྤྱིའི་འཆར་གཞི་ལྟར་རྒྱལ་གཉེར་བཟོ་གྲྭ་དང་ཐོན་སྐྱེད་ཡོ་བྱད་ལ་ཁ་སྣོན་རྒྱག་པ་དང་། ས་རྒོད་སློག་པ་དང་ས་རྒྱུ་ལེགས་བཅོས་གཏོང་བ།

8. ཡོངས་ཁྱབ་ཀྱིས་ངལ་རྩོལ་འོས་འགན་ལམ་ལུགས་ལག་བསྟར་དང་ཐོན་ལས་དཔུང་སྡེ་འཛུགས་པ། ལྷག་པར་དུ་ཞིང་ལས་ཐད་ཀྱི་ཐོན་ལས་དཔུང་སྡེ་འཛུགས་པ།

9. ཞིང་ལས་དང་བཟོ་ལས་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འགལ་ཟླ་དེ་རིམ་བཞིན་རྩ་མེད་དུ་འགྲོ་བར་སྐུལ་འདེད་གཏོང་བ།

10. བྱིས་པ་ཚང་མར་སློབ་ཡོན་མི་དགོས་པའི་ཐུན་མོང་གི་སློབ་གསོ་གཏོང་བ། ད་ལྟའི་རྣམ་པ་འདི་འདྲ་བའི་བྱིས་པའི་བཟོ་གྲྭའི་ངལ་རྩོལ་མེད་པར་བཟོ་བ། སློབ་གསོ་དེ་དངོས་པོའི་ཐོན་སྐྱེད་དང་ཟུང་འབྲེལ་བྱེད་རྒྱུ་ལ་སོགས།

གྲལ་རིམ་གྱི་ཁྱད་པར་དེ་འཕེལ་རྒྱས་ཀྱི་རིམ་འགྲོས་ཁྲོད་མེད་པར་གྱུར་ཏེ་ཐོན་སྐྱེད་ཡོངས་རྫོགས་མཉམ་འབྲེལ་བྱས་པའི་མི་སྒེར་གྱི་ལག་ཏུ་གཅིག་སྡུད་བྱེད་སྐབས། སྤྱི་པའི་དབང་ཆའི་ཆབ་སྲིད་ཀྱི་ངོ་བོ་ཤོར་བ་རེད། སྔར་གྱི་དོན་སྙིང་སྟེང་གི་ཆབ་སྲིད་དབང་ཆ་ནི། གྲལ་རིམ་གཅིག་གིས་གྲལ་རིམ་གཞན་ཞིག་ལ་གཉའ་གནོན་གཏོང་བའི་རྩ་འཛུགས་ཡོད་པའི་དྲག་ཤུགས་ཡིན།

གལ་སྲིད་འབྱོར་མེད་གྲལ་རིམ་གྱིས་འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ངེས་པར་དུ་མཉམ་འབྲེལ་བྱས་ཏེ་རང་ཉིད་གྲལ་རིམ་ཞིག་ཏུ་འགྱུར་བར་བྱེད་པ་དང་། དེས་གསར་བརྗེ་བརྒྱུད་ནས་རང་ཉིད་དབང་སྒྱུར་གྲལ་རིམ་ཞིག་ཏུ་གྱུར་པར་བྱས་ཐོག དབང་སྒྱུར་གྲལ་རིམ་གྱི་ཐོབ་ཐང་སྤྱད་དེ་དྲག་ཤུགས་ལ་བརྟེན་ནས་ཐོན་སྐྱེད་འབྲེལ་བ་རྙིང་པ་དེ་རྩ་མེད་དུ་གཏོང་དགོས་པ་ཡིན་ན། དེས་ཐོན་སྐྱེད་ཀྱི་འབྲེལ་བ་དེའི་རིགས་རྩ་མེད་གཏོང་བ་དང་ཆབས་ཅིག  གྲལ་རིམ་འགལ་ཟླ་གནས་པའི་ཆ་རྐྱེན་རྩ་མེད་དུ་བཏང་བ་དང་། གྲལ་རིམ་དེ་ཉིད་གནས་པའི་ཆ་རྐྱེན་དེ་ཡང་རྩ་མེད་བཏང་བ་རེད།དེས་དབང་གིས་རང་ཉིད་ཀྱི་གྲལ་རིམ་འདིའི་དབང་སྒྱུར་དེ་ཡང་རྩ་མེད་བཏང་བ་རེད།

གྲལ་རིམ་དང་གྲལ་རིམ་གྱི་འགལ་ཟླར་གནས་པའི་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་རྙིང་པའི་ཚབ་བྱེད་ནི། མཉམ་འབྲེལ་གྱི་ཕུང་པོ་འདི་འདྲ་ཞིག་ཡིན་ཏེ། དེ་རུ་མི་སོ་སོའི་རང་དབང་གི་འཕེལ་རྒྱས་ནི་མི་ཚང་མ་རང་དབང་ལྡན་པའི་ངང་འཕེལ་རྒྱས་འགྲོ་བའི་ཆ་རྐྱེན་ཡིན།


མཉམ་སྤྱོད།