དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ།

2025-07-22 09:25:08   |   221

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


ལོག་སྤྱོད་ཀྱི་སྤྱི་ཚོགས་རིང་ལུགས།

(ཀ)  བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་རིང་ལུགས།

ཧྥ་རན་སི་དང་དབྱིན་ཇིའི་སྐུ་དྲག་རྣམས་ཀྱིས། ཁོ་ཚོའི་ལོ་རྒྱུས་གོ་གནས་ཀྱིས་ཁུར་དུ་བླངས་པའི་འགན་འཁྲི་ལྟར། དེང་རབས་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ལ་ཁ་རྡུང་གཏོང་བའི་བརྩམས་ཆོས་ཁ་ཤས་བྲིས་པ་རེད། ཧྥ་རན་སིའི1830ལོའི་ཟླ་བ་བདུན་པའི་གསར་བརྗེ་དང་དབྱིན་ཇིའི་བཅོས་སྒྱུར་ལས་འགུལ་ཁྲོད། ཁོ་ཚོ་ཡང་བསྐྱར་སྡང་སེམས་སྐྱེ་དགོས་པའི་ཐོལ་ཕྱུག་ཁྱིམ་ཚང་གིས་ཕམ་པར་བཟོས། དེ་ནས་བཟུང་ཛ་དྲག་གི་ཆབ་སྲིད་འཐབ་རྩོད་ཅེས་པ་གླེང་ཐབས་བྲལ། ཁོ་ཚོས་ད་དུང་བྱེད་ཐུབ་པ་ནི་ཡི་གེའི་སྟེང་གི་འཐབ་རྩོད་ཙམ་རེད། ཡིན་ནའང་། ཡི་གེའི་ཐད་ནས་ཀྱང་རོ་ལངས་རྒྱག་པའི་དུས་སྐབས་ཀྱི་གདངས་རྙིང་བསྐྱར་དུ་དཀྲོལ་ཐུབ་ཀྱི་མེད། གདུང་སེམས་བསྐྱེད་པའི་ཆེད་དུ། སྐུ་དྲག་ཚོས་མ་ཡིན་ཡིན་མདོག་གིས་རང་ཉིད་ཀྱི་ཁེ་ཕན་ལ་སེམས་ཁུར་མི་བྱེད་པ་ལྟར། བཤུ་གཞོག་མྱོང་མཁན་བཟོ་པ་གྲལ་རིམ་གྱི་ཁེ་ཕན་ཁོ་ནའི་ཆེད་དུ། ད་གཟོད་འབྱོར་ལྡན་གྲལ་རིམ་ལ་ཉེས་སྤྱོད་བགྲང་ཡིག་འབྲི་ཁུལ་བྱེད། ཁོ་ཚོས་སྙིང་ནད་བསང་བར་བཀོལ་བའི་བྱེད་ཐབས་ནི། ཁོ་ཚོའི་དབང་སྒྱུར་པ་གསར་པར་དམོད་པར་མ་ཟད། ཁོ་ཚོར་ཅ་ཅོ་བཀྲ་མི་ཤིས་པའི་ལུང་བསྟན་རེ་བཤད་པ་དེ་རེད།

འདི་ལྟར་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་རིང་ལུགས་བྱུང་ལ། ཕྱེད་ཀ་མྱ་ངན་གྱི་སྐྱོ་གླུ་དང་། ཕྱེད་ཀ་དམའ་འབེབས་ཀྱི་རྩོམ་ཡིག ཕྱེད་ཀ་འདས་སོང་གི་བྲག་ཆ་དང་། ཕྱེད་ཀ་འབྱུང་འགྱུར་གྱི་འཇིགས་སྐུལ་ཡིན། དེས་མཚམས་རེར་ཁ་ཚ་པོ་དང་ཟུར་ཟ། རྣོ་ངར་ལྡན་པའི་དཔྱད་གཏམ་སྤྱད་ནས་འབྱོར་ལྡན་གྲལ་རིམ་གྱི་སྙིང་ཁར་འཛེར་བ་རེད། ཡིན་ནའང་དེས་དེང་རབས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་གོ་བ་གཏན་ནས་ལེན་མི་ཐུབ་པའི་རྐྱེན་གྱིས་ནམ་ཡིན་ཡང་མི་ལ་དགོད་བྲོ་བའི་ཉམས་སྣང་སྟེར།

མི་དམངས་བསླུ་བྲིད་བྱེད་ཆེད། སྐུ་དྲག་ཚོས་འབྱོར་མེད་གྲལ་རིམ་གྱི་ལྟོ་སློང་ཁུག་མ་དར་ཆ་ཞིག་ལ་བརྩིས་ནས་གཡུག་གཡུག་བྱེད། འོན་ཀྱང་། མི་དམངས་ཁོ་ཚོའི་རྗེས་སུ་འབྲངས་ནས་འགྲོ་སྐབས། ཁོ་ཚོའི་རྐུབ་ལ་བཀས་བཀོད་རྒྱུད་འཛིན་གྱི་རྟགས་མ་རྙིང་པ་བཏགས་ཡོད་པ་དེ་ཚང་མས་མཐོང་འཕྲལ། ཧ་ཧ་ཞེས་གད་མོ་ཤོར་ཏེ་འུར་ཐེངས་གཅིག་ལ་ཁ་ཐོར་འགྲོ།

ཧྥ་རན་སིའི་རྩ་རྒྱུད་ཕྱོགས་ཁག་དང“གཞོན་ནུ་དབྱིན་ཇི”ཁག་ཅིག་གིས། ཟློས་གར་འདི་འཁྲབ་སྟོན་བྱས་མྱོང་།

བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་ན་རེ། ཁོ་ཚོའི་བཤུ་གཞོག་བྱེད་སྟངས་དེ་འབྱོར་ལྡན་གྲལ་རིམ་གྱི་བཤུ་གཞོག་བྱེད་སྟངས་དང་གཅིག་འདྲ་མིན་ཟེར། དེ་ནི་ཁོ་ཚོས་ཡོངས་སུ་མི་འདྲ་བ་དང་། མིག་སྔར་འདས་ཟིན་པའི་གནས་ཚུལ་དང་ཆ་རྐྱེན་འོག་བཤུ་གཞོག་བྱས་པ་ཁོ་ཚོས་བརྗེད་ཟིན་པ་རེད། ཁོ་ཚོ་ན་རེ། ཁོ་ཚོའི་དབང་སྒྱུར་འོག་དེང་རབས་ཀྱི་འབྱོར་མེད་གྲལ་རིམ་གཏན་ནས་བྱུང་མྱོང་མེད་ཟེར། དེ་ནི་དེང་རབས་འབྱོར་ལྡན་གྲལ་རིམ་ནི་ཁོ་ཚོའི་སྤྱི་ཚོགས་ལམ་ལུགས་ཀྱི་ལྡོག་ཐབས་མེད་པའི་ཐོན་དངོས་ཡིན་པ་ཁོ་ཚོས་བརྗེད་ཟིན་པ་རེད།

ཡིན་ནའང་། ཁོ་ཚོས་རང་ཉིད་ཀྱི་སྐྱོན་བརྗོད་དེའི་ལོག་སྤྱོད་ཀྱི་ངོ་བོར་གཡོ་འགེབས་སྤུ་ཙམ་ཡང་བྱེད་བཞིན་མེད། ཁོ་ཚོས་ཞུ་གཏུག་བྱས་པའི་འབྱོར་ལྡན་གྲལ་རིམ་གྱི་ནག་ཉེས་གཙོ་བོ་ནི། འབྱོར་ལྡན་གྲལ་རིམ་གྱི་དབང་སྒྱུར་འོག་སྤྱི་ཚོགས་ཀྱི་ལམ་ལུགས་རྙིང་པ་ཧྲིལ་པོ་རྩ་གཏོར་གཏོང་བའི་གྲལ་རིམ་ཞིག་འཕེལ་རྒྱས་ཡོང་བ་དེ་རེད།

ཁོ་ཚོས་འབྱོར་ལྡན་གྲལ་རིམ་ལ་སྡིགས་མོ་གཏོང་བ་དེ། འབྱོར་མེད་གྲལ་རིམ་ཐོན་པའི་དབང་གིས་རེད་ཟེར་བ་ལས། གསར་བརྗེའི་འབྱོར་མེད་གྲལ་རིམ་ཐོན་པའི་དབང་གིས་རེད་ཅེས་བཤད་ན་འགྲིག

དེར་བརྟེན། ཆབ་སྲིད་ཀྱི་ལག་ལེན་ཁྲོད་དུ། ཁོ་ཚོ་བཟོ་པ་གྲལ་རིམ་ཐོག་ཏུ་སྤྱད་པའི་དྲག་ཤུགས་བྱེད་སྟངས་ཡོད་ཚད་ལ་ཞུགས་ཡོད་ཅིང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། ཁོ་ཚོ་རང་གིས་ཡིན་ཁུལ་བྱེད་པའི་སྐད་ཆ་དེ་དག་དང་རྒྱབ་འགལ་བྱས་ཏེ། སྐེད་པ་སྒུར་སྒུར་བྱས་ནས་གསེར་གྱི་ཀུ་ཤུ[]་སྒྲུག་བཞིན་ཡོད་པ་དང་། ཁ་དན་དང་། བྱམས་བརྩེ། མཚན་སྙན་བཅས་མི་བརྩི་བར་བལ་དང་མངར་ཚལ། བཙོས་ཆང་བཅས་ཀྱི་ཉོ་འཚོང་བྱེད་བཞིན་ཡོད་པ་རེད།

ཆོས་པ་ཚོ་ནམ་ཡིན་ཡང་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་དང་ལག་རྡང་སྦྲེལ་ནས་མཉམ་སྐྱོད་བྱེད་པ་ནང་བཞིན། ཆོས་པའི་སྤྱི་ཚོགས་རིང་ལུགས་ཀྱང་ནམ་ཡིན་ཡང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་རིང་ལུགས་དང་ལག་རྡང་སྦྲེལ་ནས་མཉམ་དུ་བསྐྱོད།

ཡེ་ཤུའི་ཆོ་ལུགས་ཀྱི་འདོད་སྤང་རིང་ལུགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོས་རྒྱན་སྤྲས་རྒྱུ་ནི། ཧ་ཅང་སླ་མོ་ཞིག་ཡིན། ཡེ་ཤུའི་ཆོས་ལུགས་ཀྱིས་ཀྱང་སྒེར་ལ་དབང་བའི་ལམ་ལུགས་ལ་ངོ་རྒོལ་དང་། གཉེན་སྒྲིག་ལ་ངོ་རྒོལ། རྒྱལ་ཁབ་ལ་ངོ་རྒོལ་དྲག་པོ་བྱེད་པ་མ་ཡིན་ནམ། དེས་དགེ་བ་སྒྲུབ་པ་དང་སྦྱིན་པ་སློང་བ། མཚམས་ལ་སྡོད་པ། སྲེད་པ་སྤང་བ། དགེ་སྦྱོང་ལ་བརྩོན་པ། ཕྱག་འཚལ་རྒྱུ་བཅས་ཀྱིས་འདི་ཐམས་ཅད་ཀྱི་ཚབ་བྱེད་རྒྱུ་དར་སྤེལ་གཏོང་བ་མ་ཡིན་ནམ། ཡེ་ཤུའི་ཆོས་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ནི། ཆོས་པ་ཚོས་སྐུ་དྲག་ཚོའི་ཞེ་འཁོན་དེ་མཆོག་ཏུ་བསྒྱུར་བར་གཏོང་བྱེད་དུ་སྤྱོད་པའི་བུམ་ཆུ་ཙམ་ལས་མ་འདས།


མཉམ་སྤྱོད།