དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འབྱོར་ཆུང་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས།

2025-07-24 08:56:37   |   175

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་ནི་འབྱོར་ལྡན་གྲལ་རིམ་གྱིས་མགོ་རྟིང་བསློགས་པ་མིན་པ་དང་། དེའི་འཚོ་བའི་ཆ་རྐྱེན་དེང་རབས་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ཁྲོད་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བ་དང་མེད་པར་འགྲོ་བཞིན་པའི་གྲལ་རིམ་གཅིག་པུ་མིན། དུས་རབས་བར་མའི་མཁར་ཞོལ་གྲོང་ཁྱེར་པ་དང་ཞིང་ལས་ཆུང་བའི་རིམ་པ་ནི་དེང་རབས་འབྱོར་ལྡན་གྲལ་རིམ་གྱི་འབྱུང་ཁུངས་ཡིན། བཟོ་ཚོང་ལས་རིགས་འཕེལ་རྒྱས་དེ་འདྲ་ཕྱིན་མེད་པའི་རྒྱལ་ཁབ་ཏུ། གྲལ་རིམ་འདི་ད་དུང་གསར་དར་གྱི་འབྱོར་ལྡན་གྲལ་རིམ་གྱི་འཁྲིས་སུ་ཐབས་ཟད་འུ་ཐུག་ངང་འཚོ་སྡོད་བྱས་ཡོད།

དེང་རབས་ཀྱི་ཤེས་དཔལ་འཕེལ་རྒྱས་བྱུང་ཟིན་པའི་རྒྱལ་ཁབ་ཏུ། འབྱོར་ཆུང་གྲལ་རིམ་གསར་པ་ཞིག་ཆགས་ཡོད་ལ། དེ་འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་གཉིས་ཀྱི་བར་དུ་གཡོ་འགུལ་ངང་གནས་ཡོད་པ་མ་ཟད། འབྱོར་ལྡན་གྲལ་རིམ་སྤྱི་ཚོགས་ཀྱི་ཁ་སྣོན་གྱི་ཚུལ་དུ་རྒྱུན་ཆད་མེད་པར་བསྐྱར་འཛུགས་བྱེད་བཞིན་ཡོད། འོན་ཀྱང་། གྲལ་རིམ་དེའི་ཁོངས་མི་ནི་འགྲན་རྩོད་ཁྲོད་རྟག་པར་འབྱོར་མེད་གྲལ་རིམ་གྱི་དཔུང་སྡེ་རུ་གཡུགས་པར་མ་ཟད། བཟོ་ལས་ཆེན་པོའི་འཕེལ་རྒྱས་དང་བསྟུན་ནས། ཁོ་ཚོས་ཐ་ན་རང་ཉིད་དེང་རབས་སྤྱི་ཚོགས་ཁྲོད་རང་ཚུགས་བྱེད་ཐུབ་མཁན་ཁག་ཅིག་ཡིན་པའི་གོ་གནས་དེ་མགྱོགས་མྱུར་ངང་རྦད་དེ་ཤོར་ངེས་ཡིན་པ་དང་། ཚོང་ལས་དང་བཟོ་གྲྭའི་ལག་ཤེས་བཟོ་ལས། ཞིང་ལས་བཅས་ཀྱི་ཁྲོད་དུ་ལས་དཔོན་དང་གླ་པས་མགྱོགས་མྱུར་ངང་ཁོ་ཚོའི་ཚབ་བྱེད་ངེས་ཡིན་པའང་ཤེས་ཚོར་བྱུང་ཡོད།

ཞིང་པ་གྲལ་རིམ་དེ་མི་གྲངས་ཀྱི་ཕྱེད་ཀ་ལས་ཆེས་ཆེར་བརྒལ་བའི་རྒྱལ་ཁབ་ཧྥ་རན་སི་ལྟ་བུ་རུ། འབྱོར་མེད་གྲལ་རིམ་གྱི་ཕྱོགས་སུ་ལངས་ནས་འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་བྱེད་པའི་རྩོམ་པ་པོ་ཚོས། འབྱོར་ཆུང་གྲལ་རིམ་དང་ཞིང་ལས་ཆུང་བའི་ཚད་གཞི་བཀོལ་ནས་འབྱོར་ལྡན་གྲལ་རིམ་ལམ་ལུགས་ལ་དགག་པ་རྒྱག་པ་དང་། འབྱོར་ཆུང་གྲལ་རིམ་གྱི་ལངས་ཕྱོགས་སུ་ལངས་ཏེ་བཟོ་པའི་ཚབ་བྱས་ནས་སྐད་ཆ་བཤད་པ་ནི་སྨྲ་མི་དགོས། འདི་ལྟར་འབྱོར་ཆུང་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས་ཆགས་པ་རེད། ཞི་སི་མེང་ཏི་ནི་ཧྥ་རན་སི་ཙམ་མ་ཟད་དབྱིན་ཇིར་ཆ་མཚོན་ནས་བཤད་ནའང་རྩོམ་པ་པོ་འདིའི་རིགས་ཀྱི་དབུ་གཙོ་རེད།

སྤྱི་ཚོགས་རིང་ལུགས་རིགས་འདིས་དེང་རབས་ཀྱི་ཐོན་སྐྱེད་འབྲེལ་བའི་ཁྲོད་ཀྱི་འགལ་བར་དབྱེ་ཞིབ་ཧ་ཅང་གནད་ཕིགས་པ་ཞིག་བྱས་ཡོད། དེས་དཔལ་འབྱོར་རིག་པ་བའི་ཟོལ་རྫུའི་མཛེས་འཆོར་གྱི་མཐིལ་བརྟོལ་བ་རེད། དེས་འཕྲུལ་འཁོར་དང་ལས་བགོས་ཀྱི་གཏོར་བཤིག་ནུས་པ་དང་། མ་རྩ་དང་ས་ཐོན་གྱི་སྡུད་གསོག  ཐོན་སྐྱེད་ལྷག་མ། ཉམས་ཉེན། འབྱོར་ལྡན་པ་ཆུང་བ་དང་ཞིང་ལས་ཆུང་བའི་ཉམས་རྒུད། འབྱོར་མེད་གྲལ་རིམ་གྱི་དབུལ་ཕོངས། ཐོན་སྐྱེད་ཀྱི་སྲིད་གཞུང་མེད་པའི་གནས་སྟངས། རྒྱུ་ནོར་བགོ་བཤའ་ཧ་ཅང་ཆ་མི་སྙོམས་པ། མི་རིགས་ཁག་བར་གྱི་རྩ་མེད་རང་བཞིན་གྱི་བཟོ་ལས་དམག་འཁྲུག་བཅས་དང་། དེ་མིན་གྱི་དར་སྲོལ་རྙིང་པ་དང་ཁྱིམ་ཚང་རྙིང་པའི་འབྲེལ་བ། མི་རིགས་རང་བཞིན་རྙིང་པའི་ཐོར་ཞིག་སོགས་ལ་ར་སྤྲོད་ཁུངས་བཙན་བྱས་ཡོད་པ་རེད།

ཡིན་ནའང་། སྤྱི་ཚོགས་རིང་ལུགས་རིགས་དེའི་དོན་དངོས་ནང་དོན་ལ་གཞིགས་ཏེ་བཤད་ན། དེ་ནི་ཡང་ན་ཐོན་སྐྱེད་རྒྱུ་ཆ་རྙིང་པ་དང་བརྗེ་རེས་བྱེད་སྟངས་རྙིང་པ་སླར་གསོ་བྱས་ནས། དབང་བའི་ལམ་ལུགས་ཀྱི་འབྲེལ་བ་རྙིང་པ་དང་སྤྱི་ཚོགས་རྙིང་པ་སླར་གསོ་བྱེད་པའི་རེ་ངན་བཅངས་པ་དང་། ཡང་ན་དེང་རབས་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་བརྗེ་རེས་བྱེད་སྟངས་དེ་ཨུ་ཚུགས་ཀྱིས་རང་ཉིད་ཀྱིས་གཏོར་ཟིན་ལ་གཏོར་ངེས་ཀྱང་ཡིན་པའི་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་རྙིང་པའི་བཀག་རྒྱའི་ནང་འཇུག་པའི་རེ་ངན་བཅངས་ཡོད་པ་རེད། གནས་ཚུལ་དེ་གཉིས་ཀྱི་སྟེང་ནས་བཤད་ན་དེ་ནི་ལོག་སྤྱོད་ཅིག་རེད་ལ། སྟོང་བསམ་ཞིག་ཀྱང་རེད།

བཟོ་གྲྭའི་ལག་ཤེས་བཟོ་ལས་ཁྲོད་ཀྱི་ལས་ཚོགས་ལམ་ལུགས་དང་ཞིང་ལས་ཁྲོད་ཀྱི་ཁྱིམ་རྒྱུད་དཔལ་འབྱོར། འདི་ནི་དེའི་མཐའ་མཇུག་གི་སྡོམ་ཚིག་རེད།

བསམ་བློའི་རླབས་རྒྱུན་དེ་ནི་དེའི་རྗེས་ཀྱི་འཕེལ་རྒྱས་ཁྲོད་དཔའ་ཞུམ་པའི་དངན་པ་ཞིག་ཏུ་གྱུར་སོང་།


མཉམ་སྤྱོད།