དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འཇར་མན་གྱི་དང་ཡང་ན“དངོས་གནས་ཀྱི”སྤྱི་ཚོགས་རིང་ལུགས།

2025-07-28 15:46:24   |   55

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་ནི་དབང་སྒྱུར་གྱི་གོ་གནས་འཛིན་པའི་འབྱོར་ལྡན་གྲལ་རིམ་གྱི་གཉའ་གནོན་འོག་བྱུང་བ་མ་ཟད། དབང་སྒྱུར་དེ་རིགས་དང་འཐབ་རྩོད་བྱས་པའི་ཡི་གེ་ཐོག་གི་མཚོན་ཚུལ་ཡིན། ཚད་ལྡན་ཡིག་ཆ་དེ་རིགས་འཇར་མན་དུ་ཁྱེར་འགྲོ་བའི་སྐབས་སུ། དེ་གའི་འབྱོར་ལྡན་གྲལ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་མགོ་བརྩམས་པ་ཙམ་རེད།

འཇར་མན་གྱི་མཚན་ཉིད་རིག་པ་བ་དང་མཚན་ཉིད་རིག་པ་བ་ཕྱེད་ཙམ་པ། མཛེས་རྩོམ་མཁན་བཅས་ཀྱིས་འདོད་རྔམ་ཆེན་པོས་ཚད་ལྡན་ཡིག་ཆ་དེ་རིགས་བཟུང་བ་རེད། ཡིན་ནའང་ཁོ་ཚོས་བརྗེད་སོང་བ་ཞིག་ནི། བརྩམས་ཆོས་དེ་རིགས་ནི་ཧྥ་རན་སི་ནས་འཇར་མན་ལ་གནས་སྤོ་སྐབས། ཧྥ་རན་སིའི་འཚོ་བའི་ཆ་རྐྱེན་དེ་དང་ཆབས་ཅིག་ཏུ་ཁྱེར་ཐུབ་མེད། འཇར་མན་གྱི་ཆ་རྐྱེན་འོག  ཧྥ་རན་སིའི་ཚད་ལྡན་ཡིག་ཆ་དེ་ཐད་ཀར་ལག་ལེན་བྱེད་པའི་དོན་སྙིང་རྩ་བ་ནས་མེད་པར་གྱུར་པ་དང་། ཚད་ལྡན་ཡིག་ཆ་ཁེར་གཙང་གི་རྣམ་པ་ཙམ་ལས་མེད་པར་ཆགས། དེ་དངོས་གནས་ཀྱི་སྤྱི་ཚོགས་ཐད་དང་། མིའི་ངོ་བོ་མངོན་འགྱུར་བྱེད་པའི་ཐད་ལ་དོན་མེད་ཀྱི་བསམ་གཞིགས་ཁོ་ན་བྱེད་པ་ཞིག་མཚོན་ངེས་རེད། འདི་ལྟར། ཧྥ་རན་སིའི་གསར་བརྗེ་ཐེངས་དང་པོའི་རེ་འདུན་ནི། དུས་རབས18པའི་འཇར་མན་གྱི་མཚན་ཉིད་རིག་པ་བས་བལྟས་ན། སྤྱིར་བཏང་གི“ལག་ལེན་རྗེས་དཔག”གི་རེ་འདུན་ཙམ་ཡིན་ལ། གསར་བརྗེའི་ཧྥ་རན་སིའི་འབྱོར་ལྡན་གྲལ་རིམ་གྱི་བསམ་འདུན་མཚོན་ཚུལ་ནི། ཁོ་ཚོའི་སེམས་སུ་ཁེར་གཙང་གི་འདོད་བློ་དང་། ཐོག་མའི་བསམ་འདུན། མི་ངོ་མའི་བསམ་འདུན་བཅས་ཀྱི་ཆོས་ཉིད་ཅིག་རེད་བསམ་བཞིན་ཡོད།

འཇར་མན་གྱི་རྩོམ་པ་པོའི་ལས་ཀ་ཉག་ཅིག་ནི། ཧྥ་རན་སིའི་བསམ་བློ་གསར་པ་དེ་ཁོ་ཚོའི་མཚན་ཉིད་རིག་པ་རྙིང་པ་དང་མཐུན་ཐབས་བྱེད་རྒྱུ་དེ་ཡིན་ལ། ཡང་ན་སྨྲས་མ་དགོས་པ་ནི། ཁོ་ཚོའི་མཚན་ཉིད་རིག་པའི་ལྟ་བའི་ཐོག་ནས་ཧྥ་རན་སིའི་བསམ་བློ་ཁོང་དུ་ཆུད་པར་བྱེད་རྒྱུ་དེ་རེད།

ཁོང་དུ་ཆུད་པར་བྱེད་རྒྱུ་འདི་རིགས་ནི། ཕྱི་རྒྱལ་གྱི་སྐད་ཡིག་ཁོང་དུ་ཆུད་པར་བྱེད་པ་ལྟར་ལོ་ཙཱ་ལ་བརྟེན་དགོས།

ཚང་མས་ཤེས་གསལ་ལྟར། ཆོས་པ་ཚོས་གནའ་རབས་ཀྱི་ཆོས་ལུགས་ཐ་དད་པའི་གསུང་རབ་ལག་བྲིས་མའི་ཐོག་གནམ་བདག་ཆོས་ལུགས་ཀྱི་དགེ་ཕྲུག་དམ་པའི་རྣམ་ཐར་ཁུངས་མེད་ཅིག་བྲིས་ཡོད། འཇར་མན་གྱི་རྩོམ་པ་པོས་ཀུན་རྫོབ་ཀྱི་ཧྥ་རན་སིའི་ཚད་ལྡན་ཡིག་ཆར་ལྡོག་ཕྱོགས་ཀྱི་སྤྱོད་ཚུལ་འཛིན། ཁོ་ཚོས་ཧྥ་རན་སིའི་མ་དེབ་དེའི་འོག་རང་ཉིད་ཀྱི་མཚན་ཉིད་རིག་པའི་འཆལ་གཏམ་བྲིས་ཡོད། དཔེར་ན། ཁོ་ཚོས་ཧྥ་རན་སིའི་མིས་དངུལ་ལོར་གྱི་འབྲེལ་བར་དགག་པ་བརྒྱབ་པའི་འོག་ཏུ “མིའི་ངོ་བོ་གཞན་འགྱུར”ཞེས་བྲིས་པ་དང་། ཧྥ་རན་སིའི་མིས་འབྱོར་ལྡན་གྲལ་རིམ་རྒྱལ་ཁབ་ལ་དགག་པ་བརྒྱབ་པའི་འོག་ཏུ “དོན་སྤྱིའི་ཡོངས་ཁྱབ་དངོས་པོའི་དབང་སྒྱུར་མེད་པར་བཟོས་པ”ཞེས་པ་སོགས་བྲིས་ཡོད།

ཧྥ་རན་སིའི་མིའི་རྣམ་བཤད་ཀྱི་ནང་དུ་རང་ཉིད་ཀྱི་མཚན་ཉིད་རིག་པའི་མིང་ཚིག་ཨུ་ཚུགས་ཀྱིས་བཅུག་པའི་བྱེད་སྟངས་དེར། ཁོ་ཚོས“བྱ་སྤྱོད་ཀྱི་མཚན་ཉིད་རིག་པ”དང“དངོས་གནས་ཀྱི་སྤྱི་ཚོགས་རིང་ལུགས།” “འཇར་མན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག” “སྤྱི་ཚོགས་རིང་ལུགས་མཚན་ཉིད་རིག་པའི་རིགས་སྒྲུབ་ཁུངས་སྐྱེལ”སོགས་ཟེར་བཞིན་ཡོད།

ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་དེ་ལྟར་ཡོངས་སུ་ཟོལ་བཅོས་བྱས་པ་རེད། འཇར་མན་པའི་ལག་ཏུ་ཚད་ལྡན་ཡིག་ཆ་དེ་རིགས་གྲལ་རིམ་ཞིག་གིས་གྲལ་རིམ་གཞན་ཞིག་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་མཚོན་མི་ཐུབ་པ་ཞིག་ཏུ་གྱུར་སྟབས། འཇར་མན་པའི་སེམས་ལ། ཁོ་ཚོས“ཧྥ་རན་སིའི་མིའི་ཕྱོགས་རེ་བའི་རང་བཞིན”དེ་སེལ་བ་དང་། ཁོ་ཚོས་དངོས་ཡོད་ཀྱི་རེ་འདུན་མི་མཚོན་པར། བདེན་དོན་གྱི་རེ་འདུན་མཚོན་པ་དང་། འབྱོར་མེད་པའི་ཁེ་ཕན་མི་མཚོན་པར། མིའི་ངོ་བོའི་ཁེ་ཕན་ཏེ་སྤྱིར་བཏང་གི་མིའི་ཁེ་ཕན་མཚོན་ལ། མི་དེ་རིགས་ནི་གྲལ་རིམ་གང་ལའང་མི་གཏོགས་པ་དང་། དངོས་ཡོད་འཇིག་རྟེན་འདིར་རྩ་བ་ནས་གནས་མེད་པར། དུ་སྤྲིན་གྱིས་ཁེངས་པའི་མཚན་ཉིད་རིག་པའི་སྟོང་བསམ་གྱི་སྟོང་ཁམས་སུ་གནས་འདུག་བསམ་པ་རེད།

འདི་ལྟ་བུའི་དེ་སྔ་རང་ཉིད་ཀྱི་སློབ་ཆུང་སློབ་མའི་སྦྱོང་ཚན་སྐྱུག་བྲོ་བ་དེར་གཟབ་ནན་གྱིས་ལྟ་བ་དང་། ད་དུང་ཁ་ཕོ་ཆེན་པོས་འུད་ཤོབ་བྱེད་པའི་འཇར་མན་གྱི་སྤྱི་ཚོགས་རིང་ལུགས་དེ། ད་ནི་རང་ཉིད་ལ་ཤེས་རྒྱ་ཆེན་པོ་ཡོད་འདོད་པའི་བྱིས་བློ་དེ་རིམ་བཞིན་མེད་པར་གྱུར།

འཇར་མན་གྱི་དང་ལྷག་པར་དུ་ཕུའུ་ལུའུ་ཧྲིའི་འབྱོར་ལྡན་གྲལ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་དང་རྒྱལ་པོའི་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ། ཚིག་གཅིག་གིས་བཤད་ན། རང་དབང་རིང་ལུགས་ཀྱི་ལས་འགུལ་དེ་སྔར་ལས་ཛ་དྲག་ཏུ་འགྲོ་བཞིན་ཡོད།

དེའི་སྟབས་ཀྱིས། “དངོས་གནས་ཀྱི”སྤྱི་ཚོགས་རིང་ལུགས་ལ་གོ་སྐབས་ཡག་པོ་རག་ནས། སྤྱི་ཚོགས་རིང་ལུགས་ཀྱི་རེ་འདུན་དང་ཆབ་སྲིད་ལས་འགུལ་གཉིས་འགལ་ཟླར་བཟུང་ནས། ལུགས་འགལ་ལོག་བཤད་ལ་དམོད་པའི་སྲོལ་རྒྱུན་བྱེད་ཐབས་ལ་བརྟེན་ནས་རང་དབང་རིང་ལུགས་ལ་དམོད་པ་དང་། ཚབ་གྲོས་ལམ་ལུགས་ཀྱི་རྒྱལ་ཁབ་ལ་དམོད་པ། འབྱོར་ལྡན་གྲལ་རིམ་གྱི་འགྲན་རྩོད་དང་། འབྱོར་ལྡན་གྲལ་རིམ་གྱི་གསར་འགྱུར་དཔེ་སྐྲུན་རང་དབང་། འབྱོར་ལྡན་གྲལ་རིམ་གྱི་ཁྲིམས་ལུགས། འབྱོར་ལྡན་གྲལ་རིམ་གྱི་རང་དབང་དང་འདྲ་མཉམ་བཅས་ལ་དམོད་པ་མ་ཟད། མི་དམངས་མང་ཚོགས་ལ་འུད་སྒྲོག་ཤུགས་ཆེན་བྱས་ནས། འབྱོར་ལྡན་གྲལ་རིམ་གྱི་ལས་འགུལ་དེའི་ནང་། མི་དམངས་མང་ཚོགས་ལ་གང་ཡང་ཐོབ་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་ཡོད་ཚད་ཤོར་འགྲོ་བ་རེད་ཅེས་བཤད་བཞིན་ཡོད། འཇར་མན་སྤྱི་ཚོགས་རིང་ལུགས་ཀྱིས་ཏག་ཏག་བརྗེད་སོང་བ་ནི། ཧྥ་རན་སིའི་མཐའ་དཔྱོད(འཇར་མན་གྱི་སྤྱི་ཚོགས་རིང་ལུགས་ནི་མཐའ་དཔྱོད་དེའི་བྲག་ཆ་ཉམ་ང་བ་ཞིག་རེད)ནི་དེང་རབས་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་དང་། དེ་དང་མཐུན་པའི་དངོས་པོའི་འཚོ་བའི་ཆ་རྐྱེན་དང་དེ་དང་འཚམ་པའི་ཆབ་སྲིད་ལམ་ལུགས་བཅས་ཀྱིས་སྔོན་འགྲོའི་ཆ་རྐྱེན་བྱས་པ་དང་། སྔོན་འགྲོའི་ཆ་རྐྱེན་དེ་ཚོ་ཚང་མ་འཇར་མན་ལ་ཆ་བཞག་ན་སྐབས་དེར་བརྩོན་ལེན་བྱེད་རྒྱུར་སྒུག་ཡོད།

སྤྱི་ཚོགས་རིང་ལུགས་འདི་རིགས་ནི་ཏེ་དབྱི་ཀྲིའི་མངའ་སྡེ་སོ་སོའི་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་དང་དེའི་རྗེས་འབྲངས་པ་ཆོས་པ་དང་དགེ་རྒན། རུང་ཁུ་ཞིང་བདག དཔོན་ངན་བཅས་ཀྱིས་རེ་བ་ཁ་ཚ་དགོས་གཏུགས་བྱེད་ས་དང་། ངར་མདོག་ཁ་པོའི་འབྱོར་ལྡན་གྲལ་རིམ་ལ་འཇིགས་སྣང་སྐུལ་བའི་རྩྭ་མི་ཞིག་ཏུ་གྱུར་པ་རེད།

སྤྱི་ཚོགས་རིང་ལུགས་འདི་རིགས་ནི་སྲིད་གཞུང་དེ་ཚོས་བེད་སྤྱད་ནས་འཇར་མན་གྱི་བཟོ་པའི་འོས་ལངས་ལ་དྲག་གནོན་བྱེད་པའི་གདུག་རྩུབ་ཆེ་བའི་རྟ་ལྕག་དང་མདེའུའི་ཁ་སྣོན་ཞིམ་པོ་ཞིག་རེད།

“དངོས་གནས་ཀྱི”སྤྱི་ཚོགས་རིང་ལུགས་དེ་དེ་ལྟར་སྲིད་གཞུང་དེ་ཚོས་འཇར་མན་གྱི་འབྱོར་ལྡན་གྲལ་རིམ་ལ་ཁ་གཏད་འཇལ་བའི་མཚོན་ཆ་ཞིག་ཏུ་གྱུར། དེ་བས་ན་དེས་ཀྱང་ཐད་ཀར་ལོག་སྤྱོད་ཀྱི་ཁེ་ཕན་ཞིག་སྟེ། འཇར་མན་གྱི་གྲོང་ཁྱེར་པ་ཆུང་ངུའི་ཁེ་ཕན་མཚོན་ཡོད། འཇར་མན་དུ། དུས་རབས16པར་ཤུལ་ལུས་བྱུང་བ་དང་། དུས་དེ་ནས་བཟུང་རྒྱུན་དུ་རྣམ་པ་མི་འདྲ་བའི་སྒོ་ནས་བསྐྱར་དུ་ཕྱིར་མངོན་པའི་འབྱོར་ཆུང་གྲལ་རིམ་ནི། ད་ཡོད་ལམ་ལུགས་དེའི་སྤྱི་ཚོགས་ཀྱི་རྨང་གཞི་ངོ་མ་རེད།

འབྱོར་ཆུང་གྲལ་རིམ་དེ་རང་སྲུང་འཛིན་བྱེད་པ་ནི། འཇར་མན་གྱི་ད་ཡོད་ཀྱི་ལམ་ལུགས་སྲུང་འཛིན་བྱེད་པ་དེ་ཡིན། གྲལ་རིམ་དེས་དངངས་སྐྲག་ཆེན་པོས་འབྱོར་ལྡན་གྲལ་རིམ་གྱི་བཟོ་ལས་དང་ཆབ་སྲིད་ཀྱི་དབང་སྒྱུར་འོག་ནས་རང་ཉིད་ཐར་ཐབས་མེད་པར་རྩ་མེད་དུ་འགྲོ་བར་སྒུག་བསྡད་ཡོད་ཅིང་། དེ་ནི་ཕྱོགས་གཅིག་ནས་མ་རྩ་སྡུད་གསོག་བྱེད་པས་དང་། ཕྱོགས་གཞན་ཞིག་ནས་གསར་བརྗེའི་འབྱོར་མེད་གྲལ་རིམ་དར་ཡོད་པའི་རྐྱེན་གྱིས་རེད། ཁོས་བལྟས་ན། “དངོས་གནས་ཀྱི”སྤྱི་ཚོགས་རིང་ལུགས་ཀྱིས་མདའ་གཅིག་གིས་ཤ་བ་གཉིས་གསོད་པའི་ནུས་པ་ཐོན་ཐུབ་ཡོད། “དངོས་གནས་ཀྱི”སྤྱི་ཚོགས་རིང་ལུགས་དེ་ནད་ཡམས་བཞིན་དར་ཁྱབ་སོང་བ་རེད།

འཇར་མན་གྱི་སྤྱི་ཚོགས་རིང་ལུགས་པས་རང་ཉིད་ཀྱི“རྟག་བརྟན་གྱི་བདེན་དོན་སྐམ་པོ”དེ་དག་ལ་རྟོག་དཔྱོད་ཀྱི་སྡོམ་རྒྱའི་འཐག་རས་སྟེང་མཛེས་པའི་ཚིག་རྒྱན་གྱི་མེ་ཏོག་གཙགས་ཤིང་། རོ་ཞིམ་བཅུད་མངར་གྱི་བརྩེ་དུང་གི་སྦྲང་རྩི་མངར་མོའི་ཕྱི་གོས་ཤིག་གཡོགས་ཡོད་ཅིང་། བཀྲག་ལ་མིག་དབང་འཕྲོག་པའི་ཕྱི་གོས་དེ་ནི་ཁོ་ཚོས་ཚོང་ཟོག་རྣམས་ཚོང་མགྲོན་ཚོའི་ཁྲོད་དུ་ཚོང་ལམ་འབྱེད་བྱེད་ཁ་སྣོན་ཙམ་ཞིག་རེད།

དུས་མཚུངས་སུ། འཇར་མན་གྱི་སྤྱི་ཚོགས་རིང་ལུགས་ཀྱིས་ཀྱང་སྔར་ལས་ལྷག་པའི་ངང་ཤེས་ཚོར་བྱུང་བ་ནི་རང་ཉིད་ཀྱི་ལས་འགན་ནི་གྲོང་ཁྱེར་པ་ཆུང་ངུ་དེ་རིགས་ཀྱི་མཁས་རློམ་སྟོང་བཤད་ཀྱི་མགྲིན་ཚབ་པ་བྱེད་རྒྱུ་དེ་རེད།

དེས་ཏེ་དབྱི་ཀྲིའི་མི་རིགས་ནི་མིག་དཔེ་ལྡན་པའི་མི་རིགས་ཤིག་ཡིན་པ་དང་། འཇར་མན་གྱི་གྲོང་ཁྱེར་པ་ཆུང་ངུ་ནི་མིག་དཔེ་ལྡན་པའི་མི་ཞིག་ཡིན་པ་ཁྱབ་བསྒྲགས་བྱས། དེས་གྲོང་ཁྱེར་པ་ཆུང་ངུ་དེ་ཚོའི་བྱ་སྤྱོད་ངན་པ་ཚང་མར་དཔོག་དཀའ་བ་དང་མཆོག་ཏུ་གྱུར་པ། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དོན་སྙིང་རེ་སྦྱར་ཏེ། རྦད་དེ་དེ་ལས་ལྡོག་པའི་རིགས་ཤིག་ལ་འགྱུར་བ་བྱེད་ཀྱིན་ཡོད་པ་རེད། དེ་འཕེལ་རྒྱས་ཕྱིན་པའི་མཇུག་མཐར། གུང་ཁྲན་རིང་ལུགས་ཀྱིས“བཙན་ཤེད་ཀྱིས་གཏོར་བཤིག་གཏོང་བའི”ཕྱོགས་ལྷུང་ལ་ཐད་ཀར་ངོ་རྒོལ་བྱས་པ་མ་ཟད། རང་ཉིད་ནི་ཕྱོགས་གང་ལའང་མི་ལྷུང་བའི་སྒོ་ནས་གྲལ་རིམ་འཐབ་རྩོད་ཚང་མའི་ཡང་སྟེང་ན་ཡོད་པ་ཁྱབ་བསྒྲགས་བྱས་སོང་། ད་ལྟ་འཇར་མན་དུ་དར་ཁྱབ་ཡོད་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་བརྩམས་ཆོས་ཟེར་བ་མཐའ་དག་ལས། ཧ་ཅང་ཉུང་ཉུང་ཞིག་ཕུད། ཚང་མ་ཐ་ཤལ་སྐྱུག་བྲོ་བ་དང་ཡིད་ཆད་ཉབ་ཉོབ་ཀྱི་ཡིག་ཆ་དེའི་རིགས་རེད།



མཉམ་སྤྱོད།