དེ་རིང་ནི2025ལོའི་ཟླ08པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་རྙིང་ཞེན་གྱི་དང་ཡང་ན་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས།

2025-08-07 09:11:52   |   47

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


འབྱོར་ལྡན་གྲལ་རིམ་ཁྲོད་ཀྱི་མི་ཁག་ཅིག་གིས་སྤྱི་ཚོགས་ཀྱི་སྐྱོན་ཆ་གཙང་སེལ་བྱས་ཏེ། འབྱོར་ལྡན་གྲལ་རིམ་སྤྱི་ཚོགས་འཚོ་གནས་ཐུབ་པར་འགན་ལེན་བྱེད་བསམ་བཞིན་ཡོད།

མི་ཁག་དེའི་ནང་དུ་དཔལ་འབྱོར་རིག་པ་བ་དང་།  ཀུན་བྱམས་རིང་ལུགས་པ། མི་ཆོས་རིང་ལུགས་པ། ངལ་རྩོལ་གྲལ་རིམ་གནས་ཚུལ་ལེགས་བཅོས་བྱེད་པའི་ཕྱོགས་ཁག དགེ་སྒྲུབ་ལས་དོན་རྩ་འཛུགས་པ། སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱི་ཚོགས་མི། ཆང་གཅོད་མཐུན་ཚོགས་ཀྱི་ལས་མགོ་རྩོམ་མཁན་བཅས་དང་དེ་མིན་ལེགས་བཅོས་པ་ཆུང་ཆུང་འདྲ་མིན་སྣ་ཚོགས་འདུས་ཡོད། འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས་རིགས་འདིས་ཐ་ན་ཆ་ལག་ཚང་བའི་མ་ལག་ཁ་ཤས་ཀྱང་བཟོས་ཡོད།

ང་ཚོས་ཕུའུ་ལུའུ་ཏུང་གི《དབུལ་ཕོངས་ཀྱི་མཚན་ཉིད་རིག་པ》ཟེར་བ་དེ་དཔེ་རུ་བཞག་ཆོག

སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་ལྡན་པས་དེང་རབས་སྤྱི་ཚོགས་ཀྱི་འཚོ་གནས་ཆ་རྐྱེན་ཡོད་འདོད་མོད། འོན་ཀྱང་ཆ་རྐྱེན་འདི་དག་གི་དབང་གིས་ངེས་པར་འབྱུང་བའི་འཐབ་རྩོད་དང་ཉེན་ཁ་ཡོད་མི་འདོད། ཁོ་ཚོར་ད་ཡོད་ཀྱི་སྤྱི་ཚོགས་དགོས་འདོད་ཡོད་ནའང་། སྤྱི་ཚོགས་གསར་བརྗེ་ཅན་དུ་འགྱུར་བར་བྱེད་པ་དང་ཐོར་ཞིག་ཏུ་འགྲོ་བར་བཟོ་བའི་རྒྱུ་རྐྱེན་དེ་ཚོ་དགོས་འདོད་མེད། ཁོ་ཚོར་འབྱོར་ལྡན་གྲལ་རིམ་དགོས་པར་འདོད་ཡོད་ནའང་། འབྱོར་མེད་གྲལ་རིམ་དགོས་འདོད་མེད་པ་རེད། འབྱོར་ལྡན་གྲལ་རིམ་གྱིས་བལྟས་ན། རང་ཉིད་ཀྱིས་དབང་སྒྱུར་བྱེད་པའི་འཇིག་རྟེན་ནི་ཆེས་མཛེས་པའི་འཇིག་རྟེན་ཞིག་ཡིན་པ་ནི་སྨྲ་ཅི་དགོས། འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས་ཀྱིས་མི་ལ་སེམས་གསོ་བྱེད་པའི་ལྟ་ཚུལ་དེ་མ་ལག་ཕྱེད་ཙམ་དང་ཡང་ན་ཆ་ཚང་བ་ཞིག་བཟོས་ཡོད། དེས་འབྱོར་མེད་གྲལ་རིམ་གྱིས་ཁོའི་མ་ལག་མངོན་འགྱུར་དང་། ཅེ་རུས་ས་ལེམ་གསར་པར་སླེབས་པའི་རེ་བ་བྱེད་བཞིན་ཡོད། དོན་དངོས་སུ་དེས་འབྱོར་མེད་གྲལ་རིམ་དེང་དུས་ཀྱི་སྤྱི་ཚོགས་ཁྲོད་རང་འཇགས་སུ་སྡོད་དགོས་ནའང་། ཁོ་ཚོས་སྤྱི་ཚོགས་དེའི་སྐྱུག་བྲོ་བའི་ལྟ་ཚུལ་དེ་འདོར་དགོས་པའི་རེ་བ་བྱེད་བཞིན་ཡོད།

སྤྱི་ཚོགས་རིང་ལུགས་འདི་རིགས་ལ་བརྒྱུད་རིམ་ཆ་མི་ཚང་ནའང་དོན་དངོས་ལྡན་པའི་རྣམ་པ་གཞན་ཞིག་ཡོད་པ་ནི། དེས་བཟོ་པ་གྲལ་རིམ་གསར་བརྗེའི་ལས་འགུལ་ཡོད་ཚད་ལ་སུན་སྣང་སྐྱེ་རུ་བཅུག་སྟེ། བཟོ་པ་གྲལ་རིམ་ལ་ཕན་ཐོགས་ཡོང་བ་བྱེད་པ་ནི་ཆབ་སྲིད་བཅོས་སྒྱུར་འདི་འདྲ་དང་དེ་འདྲ་བྱེད་རྒྱུ་དེ་མིན་པར། དངོས་པོའི་འཚོ་བའི་ཆ་རྐྱེན་ཏེ་དཔལ་འབྱོར་གྱི་འབྲེལ་བ་སྒྱུར་བཅོས་བྱེད་རྒྱུ་དེ་ཁོ་ན་ཡིན་ཞེས་ཨུ་ཚུགས་ཀྱིས་བཤད། ཡིན་ནའང་། སྤྱི་ཚོགས་རིང་ལུགས་འདི་རིགས་ཀྱིས་གོ་བ་ལེན་པའི་དངོས་པོའི་འཚོ་བའི་ཆ་རྐྱེན་གྱི་སྒྱུར་བཅོས་ནི། གསར་བརྗེའི་ཐབས་ལམ་ཁོ་ན་བརྒྱུད་ན་ད་གཟོད་འབྱོར་ལྡན་གྲལ་རིམ་གྱི་ཐོན་སྐྱེད་འབྲེལ་བ་མེད་པར་བཟོ་བ་མངོན་འགྱུར་བྱེད་ཐུབ་པ་ཞིག་ཡེ་ནས་མིན་པར། ཐོན་སྐྱེད་འབྲེལ་བ་དེ་རིགས་ཀྱི་རྨང་གཞིའི་སྟེང་ལག་ལེན་བྱེད་པའི་སྲིད་འཛིན་སྟེང་གི་ལེགས་བཅོས་གཏོང་བ་དེ་ཡིན། དེའི་ཕྱིར་མ་རྩ་དང་གླ་པའི་ངལ་རྩོལ་བར་གྱི་འབྲེལ་བ་སྒྱུར་བཅོས་སྤུ་ཙམ་ཡང་བྱེད་མི་ཐུབ་སྟེ། མང་ན་འབྱོར་ལྡན་གྲལ་རིམ་གྱི་དབང་སྒྱུར་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་དང་དེའི་ནོར་སྲིད་དོ་དམ་སྟབས་བདེ་རུ་གཏོང་བ་ཙམ་རེད།

འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས་དེ་གཏམ་བཤད་ཀྱི་ཚིག་སྦྱོར་ཁེར་གཙང་ཁོ་ན་ཞིག་ཏུ་འགྱུར་སྐབས། ད་གཟོད་རང་ཉིད་ཀྱི་མཚོན་སྟངས་འོས་འཚམ་ཞིག་ཐོབ་ཐུབ།

རང་དབང་ཉོ་ཚོང་། དེ་ནི་བཟོ་པ་གྲལ་རིམ་གྱི་ཁེ་ཕན་གྱི་ཆེད་དུ་ཡིན་ཟེར། སྒོ་ཁྲལ་སྲུང་སྐྱོང་། དེ་ནི་བཟོ་པ་གྲལ་རིམ་གྱི་ཁེ་ཕན་གྱི་ཆེད་དུ་ཡིན་ཟེར། ཁེར་འཇུག་བཙོན་ཁང་། དེ་ནི་བཟོ་པ་གྲལ་རིམ་གྱི་ཁེ་ཕན་གྱི་ཆེད་དུ་ཡིན་ཟེར། འདི་ནི་ད་གཟོད་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྡོམ་ཚིག་ངོ་མ་ཉག་གཅིག་པུ་དེ་རེད།

འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས་ལ་ཆོད་གཏམ་འདི་འདྲ་ཞིག་ཡོད་དེ། འབྱོར་ལྡན་པ་དེ་འབྱོར་ལྡན་པ་ཞིག་ཡིན་དོན་ནི། བཟོ་པ་གྲལ་རིམ་གྱི་ཁེ་ཕན་གྱི་ཆེད་དུ་ཡིན་ཟེར་བ་དེ་རེད།


སྐབས་སྔོན་མ། མེང་ཙི་ལས་ལི་ལོའུ་ཡི་ལེའུ་སྟོད་ཆ།
སྐབས་རྗེས་མ། མེད།
མཉམ་སྤྱོད།