དེ་རིང་ནི2025ལོའི་ཟླ08པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་མཐའ་དཔྱོད་ཀྱི་དང་སྟོང་བསམ་གྱི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས།

2025-08-08 10:28:55   |   21

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


འདིར་ང་ཚོས་དེང་རབས་གསར་བརྗེ་ཆེན་པོ་མཐའ་དག་ཁྲོད་འབྱོར་མེད་གྲལ་རིམ་གྱི་རེ་འདུན་མཚོན་མྱོང་བའི་ཚད་ལྡན་ཡིག་ཆ(པ་པེ་ཧྥུ་སོགས་ཀྱི་བརྩམས་ཆོས)བཤད་རྒྱུ་མིན།

ཡོངས་ཁྱབ་གཡོ་འགུལ་ཐེབས་པའི་དུས་རབས་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་མགོ་རྟིང་སློག་པའི་དུས་སྐབས་སུ། འབྱོར་མེད་གྲལ་རིམ་གྱིས་རང་གི་གྲལ་རིམ་གྱི་ཁེ་ཕན་ཐད་ཀར་མངོན་འགྱུར་བྱེད་པའི་ཐོག་མའི་ཚོད་ལྟ་ཚང་མར་གཡོལ་ཐབས་མེད་པའི་ཕམ་ཉེས་བྱུང་། དེ་ནི་སྐབས་དེར་འབྱོར་མེད་གྲལ་རིམ་རང་ཉིད་ད་དུང་འཕེལ་རྒྱས་དེ་འདྲ་ཕྱིན་མེད་པའི་རྐྱེན་དང་། འབྱོར་མེད་གྲལ་རིམ་བཅིངས་འགྲོལ་གཏོང་བའི་དངོས་པོའི་ཆ་རྐྱེན་ད་དུང་འཛོམ་མེད་པའི་རྐྱེན་གྱིས་རེད། ཆ་རྐྱེན་དེ་ཚོ་ནི་འབྱོར་ལྡན་གྲལ་རིམ་གྱི་དུས་རབས་ཀྱི་ཐོན་དངོས་ཙམ་ཡིན། སྔ་དུས་ཀྱི་འབྱོར་མེད་གྲལ་རིམ་གྱི་ལས་འགུལ་དང་སྦྲགས་ནས་ཐོན་པའི་གསར་བརྗེའི་ཚད་ལྡན་ཡིག་ཆ་འདི་དག་ནི། ནང་དོན་ཐད་ནས་བཤད་ན་ལོག་སྤྱོད་ཡིན་པ་ཁོ་ཐག་རེད། ཚད་ལྡན་ཡིག་ཆ་འདི་རིགས་ཀྱིས་ཡོངས་ཁྱབ་ཀྱི་འདོད་སྤང་རིང་ལུགས་དང་རྩིང་རགས་ཀྱི་ཆ་སྙོམས་རིང་ལུགས་དར་སྤེལ་བྱེད་བཞིན་ཡོད།

དོན་ངོ་མའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་མ་ལག་སྟེ། ཧྲེང་ཞི་མོན་དང་ཧྥུ་ལི་ཡེ། ཨོའུ་ཝུན་སོགས་ཀྱི་མ་ལག་ནི། འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་བར་གྱི་འཐབ་རྩོད་དེ་འདྲའི་འཕེལ་རྒྱས་ཕྱིན་མེད་པའི་ཐོག་མའི་དུས་སྐབས་ལ་བྱུང་བ་ཡིན། དུས་སྐབས་དེའི་སྐོར་ནི། ང་ཚོས་གོང་དུ་བཤད་ཟིན་པ་ཡིན།(《འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ》ནང་དུ་གསལ) 

མ་ལག་འདི་རྣམས་གསར་གཏོད་བྱེད་མཁན་གྱིས་ནི་གྲལ་རིམ་གྱི་འགལ་ཟླ་མཐོང་ཡོད་པ་དང་། ད་དུང་དབང་སྒྱུར་གོ་གནས་བཟུང་བའི་སྤྱི་ཚོགས་དེ་ཉིད་ཁྲོད་ཀྱི་གཏོར་བཤིག་རྒྱུ་རྐྱེན་གྱི་ནུས་པ་མཐོང་སོང་བ་ལོས་ཡིན། འོན་ཀྱང་། ཁོ་ཚོས་འབྱོར་མེད་གྲལ་རིམ་ཕྱོགས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཅི་ཡང་མཐོང་གི་མེད་པ་དང་། དེར་དམིགས་བསལ་དུ་ཡོད་པའི་ཆབ་སྲིད་ལས་འགུལ་གང་ཡང་མཐོང་གི་མེད།

གྲལ་རིམ་འགལ་ཟླའི་འཕེལ་རྒྱས་ནི་བཟོ་ལས་ཀྱི་འཕེལ་རྒྱས་དང་གོམ་སྟབས་གཅིག་མཐུན་ཡིན་ཕྱིར། གསར་གཏོད་པ་དེ་ཚོས་ཀྱང་འབྱོར་མེད་གྲལ་རིམ་བཅིངས་འགྲོལ་ཐོབ་པའི་དངོས་པོའི་ཆ་རྐྱེན་མཐོང་ཐུབ་ཀྱི་མེད་ཅིང་། དེའི་རྐྱེན་གྱིས་ཆ་རྐྱེན་དེ་ཚོ་གསར་སྐྲུན་བྱེད་བདེ་བའི་ཆེད་དུ། ཁོ་ཚོས་སྤྱི་ཚོགས་ཚན་རིག་ཅིག་དང་། སྤྱི་ཚོགས་ཀྱི་ཆོས་ཉིད་ཅིག་འཚོལ་དཔྱོད་བྱེད་བཞིན་ཡོད།

སྤྱི་ཚོགས་ཀྱི་བྱེད་སྒོ་དེ་ཁོ་ཚོ་མི་སྒེར་གྱི་གསར་གཏོད་ཀྱི་བྱེད་སྒོས་ཚབ་བྱེད་དགོས་པ་དང་བཅིངས་འགྲོལ་གྱི་ལོ་རྒྱུས་ཆ་རྐྱེན་དེ་སྟོང་བསམ་གྱི་ཆ་རྐྱེན་གྱིས་ཚབ་བྱེད་དགོས། འབྱོར་མེད་གྲལ་རིམ་རིམ་བཞིན་རྩ་འཛུགས་བྱས་ཏེ་གྲལ་རིམ་ཞིག་ཆགས་པར་བྱེད་པ་དེ་ཆེད་མངག་ཇུས་འགོད་བྱས་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཚབ་བྱེད་དགོས། ཁོ་ཚོས་བལྟས་ན། ཕྱིན་ཆད་ཀྱི་འཛམ་གླིང་ལོ་རྒྱུས་ནི་ཁོ་ཚོའི་སྤྱི་ཚོགས་འཆར་གཞི་དེ་དྲིལ་བསྒྲགས་དང་ལག་ལེན་བྱེད་པ་ལས་མ་འདས།

ལོས་ཡིན་ཏེ། ཁོ་ཚོས་ཀྱང་ཤེས་ཚོར་བྱུང་བ་ནི། ཁོ་ཚོའི་འཆར་གཞི་ནི་གཙོ་བོ་བཟོ་པ་གྲལ་རིམ་སྟེ་སྡུག་བསྔལ་ཆེ་ཤོས་མྱོང་མཁན་གྱི་གྲལ་རིམ་དེའི་ཁེ་ཕན་མཚོན་བཞིན་ཡོད། ཁོ་ཚོའི་སེམས་སུ། འབྱོར་མེད་གྲལ་རིམ་ནི་སྡུག་བསྔལ་ཆེ་ཤོས་མྱོང་མཁན་གྱི་གྲལ་རིམ་ཙམ་ཞིག་རེད།

འོན་ཀྱང་། གྲལ་རིམ་འཐབ་རྩོད་འཕེལ་རྒྱས་མེད་པ་དང་། ཁོ་ཚོ་རང་ཉིད་ཀྱི་འཚོ་བའི་གོ་གནས་ཀྱི་དབང་གིས། ཁོ་ཚོས་རང་ཉིད་ནི་གྲལ་རིམ་འགལ་ཟླ་དེ་རིགས་ལས་ཆེས་ཆེར་བརྒལ་ནས་སྡོད་མཁན་ཞིག་ཡིན་བསམ་བཞིན་ཡོད། ཁོ་ཚོས་སྤྱི་ཚོགས་ཁོངས་མི་མཐའ་དག་གི་འཚོ་བའི་གནས་ཚུལ་ལེགས་བཅོས་བྱེད་དགོས་སྙམ་ཞིང་། ཐ་ན་འཚོ་བ་ཧ་ཅང་ལེགས་པོ་ཡོད་པའི་ཁོངས་མིའང་དེའི་ནང་དུ་ཚུད་ཡོད། དེའི་ཕྱིར། ཁོ་ཚོས་ནམ་ཡང་དབྱེ་འབྱེད་མེད་པའི་སྒོ་ནས་སྤྱི་ཚོགས་ཧྲིལ་པོར་རེ་འབོད་སྒྲོག་ལ། གཙོ་བོར་དབང་སྒྱུར་གྲལ་རིམ་ལ་རེ་འབོད་བྱེད། ཁོ་ཚོའི་སེམས་སུ་མི་རྣམས་ཀྱིས་ཁོ་ཚོའི་མ་ལག་དེར་གོ་བ་ལེན་ཐུབ་ན། མ་ལག་དེ་ནི་སྤྱི་ཚོགས་ཆེས་ཡག་ཤོས་ཀྱི་འཆར་གཞི་ཡག་ཤོས་ཡིན་པ་ཁས་ལེན་རྒྱུ་རེད་བསམ་བཞིན་ཡོད།

དེའི་ཕྱིར། ཁོ་ཚོས་ཆབ་སྲིད་བྱ་སྤྱོད་མཐའ་དག་དང་ལྷག་པར་དུ་གསར་བརྗེའི་བྱ་སྤྱོད་མཐའ་དག་དང་ལེན་མི་བྱེད། ཁོ་ཚོས་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་ཉིད་ཀྱི་དམིགས་ཡུལ་དེ་འགྲུབ་པར་བྱེད་བསམ་པར་མ་ཟད། ལེགས་འགྲུབ་ཡོང་ཐབས་མེད་པའི་ཚོད་ལྟ་ཆུང་གྲས་ཁ་ཤས་དང་། དཔེ་སྟོན་གྱི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཕྲིན་བཟང་གསར་པར་བགྲོད་ལམ་གསར་པ་འབྱེད་འདོད་པ་རེད།

འདི་ལྟ་བུའི་མ་འོངས་སྤྱི་ཚོགས་ཐད་ཀྱི་སྟོང་བསམ་གྱི་རི་མོ་བྲིས་པ་ནི། འབྱོར་མེད་གྲལ་རིམ་ད་དུང་འཕེལ་རྒྱས་ཆེན་པོ་ཕྱིན་མེད་པས་རང་ཉིད་ཀྱི་གོ་གནས་ཀྱི་ངོས་ཟིན་ད་དུང་སྟོང་བསམ་གྱི་སྟེང་དུ་ལུས་པའི་དུས་སུ། འབྱོར་མེད་གྲལ་རིམ་གྱིས་སྤྱི་ཚོགས་ཡོངས་ཁྱབ་ངང་སྒྱུར་བཀོད་བྱེད་པའི་ཐོག་མའི་རང་ནུས་ཀྱི་རེ་འདོད་དང་མཐུན་པ་ཡིན།

འོན་ཀྱང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་བརྩམས་ཆོས་འདི་རྣམས་ཀྱི་ཁྲོད་དུའང་མཐའ་དཔྱོད་ཀྱི་གྲུབ་ཆ་ཡོད། བརྩམས་ཆོས་འདི་ཚོས་ད་ཡོད་སྤྱི་ཚོགས་ཀྱི་རྨང་གཞི་ཡོངས་རྫོགས་ལ་ཁ་རྡུང་བཏང་བ་རེད། དེའི་ཕྱིར། ཁོ་ཚོས་བཟོ་པའི་གོ་རྟོགས་སད་པར་རྒྱུ་ཆ་ཧ་ཅང་རྩ་ཆེན་པོ་འདོན་སྤྲོད་བྱས། ཁོ་ཚོས་མ་འོངས་སྤྱི་ཚོགས་ཀྱི་ཐད་དགེ་མཚན་ལྡན་པའི་འདོད་ཚུལ་བཏོན་ཡོད་པ་དཔེར་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགལ་ཟླ་རྩ་མེད་གཏོང་བ་དང་། ཁྱིམ་ཚང་རྩ་མེད་གཏོང་བ། སྒེར་གཉེར་རྩ་མེད་གཏོང་བ། གླ་པའི་ངལ་རྩོལ་རྩ་མེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་ཡོང་བ། རྒྱལ་ཁབ་དེ་ཐོན་སྐྱེད་དོ་དམ་བྱེད་པའི་ལས་ཁུངས་ཁེར་གཙང་ཞིག་ཏུ་བསྒྱུར་རྒྱུ་བཅས་རེད་དེ། —འདོད་ཚུལ་དེ་ཚང་མས་གྲལ་རིམ་འགལ་ཟླ་མེད་པར་བཟོ་རྒྱུ་ཙམ་མཚོན། གྲལ་རིམ་འགལ་ཟླ་དེ་རིགས་སྐབས་དེར་འཕེལ་རྒྱས་འགྲོ་མགོ་ཚུགས་མ་ཐག་ཡིན་སྟབས། ཁོ་ཚོས་ཤེས་རྟོགས་བྱུང་བ་ནི་འགལ་ཟླ་དེ་རིགས་ཀྱི་ཐོག་མའི་དུས་དང་། མངོན་གསལ་མིན་པ། གཏན་འཁེལ་མེད་པ་བཅས་ཀྱི་རྣམ་པ་ཙམ་ཡིན། དེ་བས། འདོད་ཚུལ་དེར་མ་གཞི་ནས་ད་དུང་སྟོང་བསམ་ཁེར་གཙང་གི་རང་བཞིན་ཡོད་པ་རེད།

མཐའ་དཔྱོད་ཀྱི་དང་། སྟོང་བསམ་གྱི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དོན་སྙིང་དེ་ནི། ལོ་རྒྱུས་ཀྱི་འཕེལ་རྒྱས་དང་ཕྱིན་ཅི་ལོག་པ་ཞིག་རེད། གྲལ་རིམ་འཐབ་རྩོད་ཇི་ཙམ་འཕེལ་རྒྱས་དང་གཏན་ཁེལ་གྱི་རྣམ་པ་ཇི་ཙམ་ཡོད་ན། གྲལ་རིམ་འཐབ་རྩོད་ལས་འདས་པའི་སྟོང་བསམ་དེ་རིགས་དང་། གྲལ་རིམ་འཐབ་རྩོད་ལ་ངོ་རྒོལ་བྱེད་པའི་སྟོང་བསམ་དེ་རིགས་ཀྱི་ལག་ལེན་གྱི་དོན་སྙིང་དང་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་ཡོད་ཚད་དེ་ཙམ་གྱིས་མེད་པར་འགྱུར་འགྲོ་བ་ཡིན། དེའི་སྟབས་ཀྱིས་མ་ལག་དེ་ཚོ་གསར་གཏོད་བྱེད་མཁན་རྣམས་ནི་ཕྱོགས་མང་པོའི་ཐད་ནས་བཤད་ན་གསར་བརྗེ་ཅན་ཞིག་ཡིན་ན་ཡང་། ཁོ་ཚོའི་དད་འདུན་དགེ་ཕྲུག་རྣམས་ནི་ནམ་ཡིན་ཡང་ལོག་སྤྱོད་ཀྱི་ཕྱོགས་འགའ་རུ་གྱུར་པ་རེད། དད་འདུན་དགེ་ཕྲུག་དེ་ཚོས་འབྱོར་མེད་གྲལ་རིམ་གྱི་ལོ་རྒྱུས་འཕེལ་རྒྱས་ལ་སྣང་མེད་དང་། ད་དུང་དགེ་རྒན་ཚོའི་ལྟ་བ་རྙིང་པར་ཤི་འཐམ་རོ་འཐམ་བྱས། དེ་བས། ཁོ་ཚོས་ནམ་ཡང་གྲལ་རིམ་འཐབ་རྩོད་ཉམས་དམས་སུ་གཏོང་བ་དང་། འགལ་ཟླ་མཐུན་འགྲིག་ཡོང་བར་བྱེད་པའི་རེ་ངན་བཅངས་ཡོད་ལ། ཁོ་ཚོས་ད་དུང་ཚོད་ལྟ་བྱེད་པའི་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་སྤྱི་ཚོགས་སྟོང་བསམ་དེ་མངོན་འགྱུར་བྱེད་པ་དང་། ཧྥ་ལུན་སི་ཐེར་ཁེར་རྐྱང་འཛུགས་གཉེར་བྱེད་པ། རྒྱལ་ནང་གི་མི་སེར་སྤོ་ཡུལ་འཛུགས་པ། དབྱི་ཅ་ལི་ཡ་ཆུང་བ་སྟེ། ཆུང་བདེའི་པར་གཞིའི་ཅེ་རུས་ས་ལེམ་གསར་པ་གསར་འཛུགས་བྱེད་རྒྱུ་བཅས་ཀྱི་འཁྲུལ་སྣང་སྐྱེ་བཞིན་ཡོད། བར་སྣང་གི་ཁང་ཆེན་འདི་ཡོད་ཚད་བཟོ་སྐྲུན་བྱེད་པའི་ཆེད་དུ། ཁོ་ཚོས་འབྱོར་ལྡན་གྲལ་རིམ་གྱི་བྱམས་སེམས་དང་དངུལ་ཁུག་ལ་རེ་འབོད་མི་ཞུ་ཐབས་མེད་བྱུང་། ཁོ་ཚོ་རིམ་བཞིན་གོང་གསལ་གྱི་ལོག་སྤྱོད་ཀྱི་དང་ཡང་ན་བག་འཁུམ་གྱི་སྤྱི་ཚོགས་རིང་ལུགས་པའི་གྲས་སུ་ལྷུང་ཞིང་། མི་འདྲ་ས་ནི་ཁོ་ཚོས་དེ་བས་ཀྱང་བརྒྱུད་རིམ་ཡོད་པའི་སྒོ་ནས་ཡོན་ཏན་ངོམ་པ་དང་། སྨྱོན་པ་ལྟར་རང་ཉིད་ཀྱི་སྤྱི་ཚོགས་ཚན་རིག་དེའི་ནུས་པ་ངོ་མཚར་ཅན་དེར་རྨོངས་དད་བྱེད།

དེ་བས་ན། ཁོ་ཚོས་ཛ་དྲག་ཆེན་པོས་བཟོ་པའི་ཆབ་སྲིད་ལས་འགུལ་ཡོད་ཚད་ལ་ངོ་རྒོལ་བྱས་ནས། ལས་འགུལ་དེའི་རིགས་ནི་གཞི་འཛིན་ས་གང་ཡང་མེད་པར། འཕྲིན་བཟང་གསར་པ་དེར་ཡིད་མ་ཆེས་པ་ལས་བྱུང་བ་ཡིན་པར་འདོད།

དབྱིན་ཇི་རུ། ཨོའུ་ཝུན་ཕྱོགས་ཁག་གིས་རྩ་ཁྲིམས་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པ་དང་། ཧྥ་རན་སིར། ཧྥུ་ལི་ཡེ་ཕྱོགས་ཁག་གིས་བཅོས་སྒྱུར་ཕྱོགས་ཁག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།


མཉམ་སྤྱོད།