དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བོད་རྒྱ་ཡིག་བསྒྱུར་ཁྲོད་ཀྱི་ས་མིང་བསྒྱུར་སྟངས་དང་གནད་དོན་གླེང་བ།

2024-10-25 11:28:22   |   365

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཐེབ་རྒྱའི་དཔའ་གསལ། རིན་ཆེན་མཚོ།

ནང་དོན་གནད་བསྡུས། སྤྱིར་ས་མིང་བསྒྱུར་བ་ནི་བོད་རྒྱ་ཡིག་བསྒྱུར་ལོ་ཙཱའི་ཁྲོད་དུས་རྒྱུན་དུ་ཡོད་ཅིང་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཀྱང་རེད། ས་ཆ་གང་དེའི་ས་མིང་ནི་ས་གནས་དེའི་གནས་ས་འཚོལ་བའི་ཡང་དག་པའི་རྟགས་མཚོན་གལ་ཆེན་ཞིག་དང་ས་ཁུལ་དེའི་རིག་གནས་དང་ལོ་རྒྱུས་སོགས་མཚོན་བཞིན་ཡོད་པས། ས་མིང་འདོགས་པ་དང་ས་མིང་བསྒྱུར་བ་ཡང་རང་བཞིན་གྱིས་གལ་ཆེན་ཏུ་ཆགས་ཡོད་པ་རེད། དེར་བརྟེན་ཐེངས་འདིར་རྩོམ་འདི་ལས་རྒྱ་བོད་ཡིག་བསྒྱུར་ཁྲོད་ཀྱི་ས་མིང་ལོ་ཙྭའི་གནད་དོན་འགའ་ཞིག་ཕྱིར་བཏོན་ནས་དེའི་ཐད་ནས་རང་གི་བློས་ནུས་ཚོད་ཀྱིས་དཔྱད་པར་བྱའོ། ། 

གནད་ཚིག རྒྱ་བོད་ཡིག་བསྒྱུར་ལོ་ཙཱ། ས་མིང་། བསྒྱུར་སྟངས།

སྤྱིར་ས་མིང་བསྒྱུར་བ་ནི་བོད་རྒྱ་ཡིག་བསྒྱུར་ལོ་ཙཱའི་ཁྲོད་དུས་རྒྱུན་དུ་ཡོད་ཅིང་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཀྱང་རེད། ས་ཆ་གང་དེའི་ས་མིང་ནི་ས་གནས་དེའི་གནས་ས་འཚོལ་བའི་ཡང་དག་པའི་རྟགས་མཚོན་གལ་ཆེན་ཞིག་དང་ས་ཁུལ་དེའི་རིག་གནས་དང་ལོ་རྒྱུས་སོགས་མཚོན་བཞིན་ཡོད་པས། ས་མིང་འདོགས་པ་དང་ས་མིང་བསྒྱུར་བ་ཡང་རང་བཞིན་གྱིས་གལ་ཆེན་ཏུ་ཆགས་ཡོད་པ་རེད། ས་མིང་ནི་རང་ཉིད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆེད་དུ་བཏགས་པའི་ས་དང་འབྲེལ་བའི་ཤེས་བྱ་ཅིག་གམ་ས་ཁུལ་གྱི་མིང་ལ་ཟེར་བ་དང་། «ལང་ཀར་གཤེགས་པའི་མདོ»ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། ། དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོའི་མིང་དུ་གདགས་པར་མཛད། ། ཅེས་གསུངས་པ་བཞིན། ས་ཆ་རེ་ལ་མིང་རེ་དང་བྱེད་བྲག་རི་ཆུ་ནགས་གསུམ་དང་བཅས་པ་དང་མིང་ཡོད་པ་རེད། ས་མིང་གི་ཁྱད་ཆོས་གཙོ་བོ་ལ་སྤྱི་ཚོགས་རང་བཞིན་དང་མི་རིགས་རང་བཞིན། དུས་རབས་རང་བཞིན། ས་ཁོངས་རང་བཞིན། ཚབ་མཚོན་རང་བཞིན་སོགས་ཡོད་པར་སྨྲ། ཞོའུ་ཀྲོ་ཁེ་དང་ཧན་གོང་ཧོས་གཉིས་ཀྱིས་བརྩམས་གནང་མཛད་པའི«ཀྲུང་གོའི་ས་མིང་ལོ་རྒྱུས»ལས།[1] ས་མིང་ནི་རྒྱལ་ཁབ་ཅིག་གི་བདག་དབང་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་ལ་དམ་པོར་སྦྲེལ་ཡོད། ས་མིང་ནི་མ་ཡུམ་ས་གཞི་ཆེན་པོའི་སྟེང་དུ་བྲིས་པའི་ལོ་རྒྱུས་ཡིན་ལ་རིག་གནས་ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ་དེའང་ཡིན། ས་མིང་ཞིག་གིས་ལོ་རྒྱུས་ཀྱི་འཕེལ་རྒྱུན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། ས་མིང་སྟོང་ཕྲག་མང་པོ་ཀྲུང་ཧྭ་མི་རིགས་ཀྱི་རང་གི་འབྱུང་ཁུངས་འཚོལ་བའི་ཁ་ཕྱོགས་སུ་གྱུར་ཡོད་པས། ངེས་པར་དུ་རྒྱུན་འཛིན་བྱེད་དགོས་པའི་ཤུལ་བཞག་རིག་གནས་ཡིན་ཞེས་གསུངས། ལིན་ཀྲིན་རཱན་གྱི«ཀྲུང་གོའི་ས་མིང་དབྱིན་བསྒྱུར་མ་དཔེ་དང་རྩ་དོན»ཞེས་པའི་ཁྲོད།[2] ས་མིང་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཚད་ངེས་ཅན་དུ་སླེབས་པའི་ཐོན་དངོས་ཡིན་ལ་ས་ཁམས་དངོས་གཟུགས་ཀྱི་ཕྱོགས་སྟོན་ཀྱང་ཡིན། དེར་གཏན་འཇགས་རང་བཞིན་དང་ཚན་མའི་རང་བཞིན། ཁྲིམས་ལུགས་རང་བཞིན། རྒྱུན་འཛིན་རང་བཞིན་སོགས་ཡོད་ལ། ཆ་འཕྲིན་སྤྱི་ཚོགས་ཅན་གྱི་ཁྲོད། ས་མིང་ནི་དམིགས་བསལ་གྱི་ཆ་འཕྲིན་ཕུང་པོ་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་དང་དམག་དོན། དཔལ་འབྱོར། ཚན་རིག རིག་གནས་བརྗེ་རེས། མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་བཞིན་ཡོད་ཅེས་གསུངས། དེང་སྐབས་ཡང་ས་མིང་ནི་རྒྱ་བོད་ཡིག་བསྒྱུར་དང་སྐད་བསྒྱུར་ཁྲོད་ཀྱི་རྒྱུན་ལྡན་གྱི་བསྒྱུར་བྱ་ཞིག་ཡིན་ལ། ལཱོ་ཙ་བ་རྣམས་ཀྱིས་ཡིག་བསྒྱུར་བྱེད་པའི་གོ་རིམ་ཁྲོད་རྒྱུན་དུ་འཕྲད་བཞིན་པའི་བསྒྱུར་བྱ་ཞིག་ཀྱང་རེད། ས་མིང་གིས་ས་གནས་དེའི་ལོ་རྒྱུས་མཚོན་ལ་ས་མིང་ནི་གནས་དེར་འཚོ་སྡོད་བྱེད་པའི་མི་རིགས་གང་དེའི་འདས་མ་ད་གསུམ་ཡང་ཡིན། ས་མིང་འདོགས་སྟངས་ཡང་གནས་དེའི་མི་རིགས་ཀྱི་རིག་གནས་དང་འབྲེལ་ཡོད་པས་ས་མིང་གིས་གནས་དེར་འཚོ་སྡོད་བྱས་པའི་མི་རིགས་དེའི་རིག་གནས་ཡང་མཚོན་པ་རེད། དཔེར་ན་ས་མིང་ཆོས་ལུགས་དད་མོས་དང་དམངས་སྲོལ་སོགས་དང་འབྲེལ་ཡོད་པས། ས་མིང་གི་རྒྱབ་ལོག་ན་རིག་གནས་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད། ས་མིང་ལ་ད་དུང་ཞིབ་འཇུག་གི་རིན་ཐང་དང་བེད་སྤྱོད་ཀྱི་རིན་ཐང་ཡང་འབེལ་པོ་ཡོད་པ་རེད། དེར་མ་ཟད། གོང་དུ་བཤད་པ་བཞིན། ས་མིང་ནི་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་རྡོ་རིང་དང་རིག་གནས་ཀྱི་གཞི་རྟེན་དུའང་གྱུར་ཡོད། ཆཱན་དབྱི་ཀྲིའི«ཧང་ཀྲུག་ས་མིང་ལོ་རྒྱུས།»[3]ཞེས་པའི་ཁྲོད་འདི་ལྟར་གསུངས་ཡོད་དེ། ཧང་ཀྲུག་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ས་མིང་ལོ་རྒྱུས་ནི་ཆད་མེད་རིང་པོས་གནས་ཡོད་པའི་ས་ཆ་ཞིག་ཡིན། གནས་འདིའི་ས་མིང་ལོ་རྒྱུས་ཀྱིས་ལྡོག་ཕྱོགས་ནས་ཧང་ཀྲུག་གི་རང་བྱུང་ཁོར་ཡུག་དང་མི་རིགས་ཀྱི་ལོ་རྒྱུས་འགྱུར་ལྡོག  མི་ཆོས་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། ཆབ་སྲིད་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་མཚོན་ཡོད་པས། རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་ཡིན་ཞེས་གསུངས། དེ་བཞིན་དུ་རང་རེ་ལ་ཡང་ས་མིང་རིག་གནས་ཕུན་སུམ་ཚོགས་ལ་ས་མིང་རིག་གནས་ལ་མཐོང་ཆེན་དང་འཛུགས་སྐྲུན་བྱེད་པའང་གལ་ཆེན་དུ་གྲུབ་ཡོད་པ་རེད། དེ་བས་ས་མིང་བསྒྱུར་བ་དེའང་ཧ་ཅང་གལ་འགངས་ཆེ་ལ་འོས་འགན་ལྕི་བའི་ལོ་ཙཱའི་རིག་གནས་ཁྲོད་ཀྱི་གཅིག་ཏུ་གྱུར་ཡོད། «དྲིན་གྱི་བུ་ལོན»[4]ལས། འདིར་བོད་ཀྱི་རྒྱལ་རབས་ནི་སྔོན་དེ་འདྲ་ཁ་གསལ་ཞིང་ཞིབ་ཆ་ཐོན་པ་མ་མཆིས་པས། དེ་ཞིབ་པར་རྟོགས་དགོས་ན་ཡན་ལག་མང་པོ་ནས་དཔྱད་པ་བཏང་སྟེ་ཁ་ཚང་བར་བྱེད་དགོས་པས། རེ་ཞིག་ཡུལ་གྱི་མིང་དང་རྒྱལ་བློན་རྣམས་ཀྱི་ཐ་སྙད་བཏགས་ཚུལ་ལ་བསམ་པར་བྱ་དགོས་ཏེ། ས་མིང་ལ་བརྟེན་ནས་སྔོན་གྱི་ལོ་རྒྱུས་མང་པོ་རྟོགས་པར་འགྱུར་བ་སྟེ། གལ་སྲིད་ས་མིང་སྟེ་མི་རིགས་གང་གི་སྐད་ཡིན་པ་རྟོགས་ན་སྔོན་གྱི་ཚེ་ཡུལ་དེ་ན་མི་རིགས་དེ་གཞིས་ཆགས་པའམ་མི་རིགས་དེས་དབང་བསྒྱུར་བར་ཐག་གིས་ཆོད་པས། ས་མིང་དང་ལོ་རྒྱུས་ཀྱི་བྱུང་བ་གཉིས་རྒྱུན་པར་གཅིག་ཏུ་འབྲེལ་བས། ད་ལྟ་ཡོངས་གྲགས་ཀྱི་རྩོམ་རིག་དང་ལོ་རྒྱུས་ཁྱིམ་གཅིག་ཡིན། ལོ་རྒྱུས་དང་ས་རྒྱུས་ཁྱིམ་གཅིག་ཡིན་ཟེར་བའི་སྐད་ཆ་དེ་བྱུང་བ་ཡིན་ཞེས་གསུངས་པ་བཞིན། ས་མིང་ནི་སྔོན་གྱི་ལོ་རྒྱུས་འཚོལ་བ་དང་ཞིབ་འཇུག་བྱེད་པར་ཡང་མེད་དུ་མི་རུང་བས་ས་མིང་ནི་གང་འདོད་དང་རྩ་དོན་མེད་པར་སྣང་ཆུང་ངང་ཡི་གེར་འགོད་པ་དང་ལོ་ཙཱ་བྱས་ཆོག་པའི་ལས་ཤིག་ག་ལ་ཡིན།

 ཉེ་བའི་ལོ་ཤས་རིང་རང་རེའི་ཞིང་ཆེན་དང་ཁུལ། རྫོང་སོ་སོས་ས་མིང་ཡི་གེར་འགོད་པ་དང་ལོ་ཙཱ་བྱེད་པའི་ཕྱོགས་ནས་དྲྭ་ཚིགས་དང་སྲིད་འཛིན་སྡེ་ཁག་གི་ཐམ་ཀ ས་གནས་ལོ་རྒྱུས་སོགས་སུ་གཅིག་གྱུར་དང་ཚད་ལྡན་བྱས་ཡོད་ལ། ད་དུང་འདིའི་ཕྱོགས་ཀྱི་ཆེད་རྩོམ་དང་ས་མིང་ལོ་རྒྱུས་ཁོང་འདེད་དཔྱད་རྩོམ་ཡང་འགའ་རེ་ཡོད་མོད། ད་དུང་ས་མིང་འབྲི་སྟངས་གཅིག་གྱུར་མིན་པ་དང་ལོ་ཙཱ་བྱེད་སྟངས་ཚད་ལྡན་མིན་པའི་གནད་དོན་བོད་རིགས་རང་སྐྱོང་ཁུལ་དང་རྫོང་སོགས་སུ་བྱུང་དང་འབྱུང་བཞིན་མཆིས། དཔེར་ན། ས་མིང་ཡི་གེར་འགོད་སྟངས་ལས་བརྡ་དོན་དག་ཡིག་ལ་གཞི་བཅོལ་ནས་བརྡ་རྙིང་གི་མིང་སོགས་མེད་པར་བཟོ་བ་དང་འདོད་རྒྱལ་གྱི་མིང་ཡོད་བཞིན་རྗེས་གྲུབ་ལ་བཙན་གྱིས་བསྒྱུར་ནས་དེ་ལ་འགྲེལ་བཤད་བྱེད་པ། ས་མིང་ཡི་གེར་འགོད་སྐབས་གཅིག་གྱུར་མིན་པ། ཡང་བརྡ་དོན་གསལ་ཐག་མི་ཆོད་པའི་ས་མིང་ཆོས་སྲིད་ཀྱི་ངོ་བོར་བསྒྱུར་ནས་བརྡ་དོན་གསར་འདོགས་བྱེད་པ། ས་མིང་ལོ་ཙཱ་བྱེད་སྐབས་གཅིག་གྱུར་མེད་པའི་གནད་དོན་སོགས་ཡོད།   

ས་མིང་བོད་ཡིག་ནས་རྒྱ་ཡིག་ལ་ཡིག་བསྒྱུར་བྱེད་སྐབས་སྤྱིར་བཏང་སྒྲ་བསྒྱུར་དང་དོན་བསྒྱུར་གཉིས་ཡོད་པ་ལས་ལོ་ཙཱ་རིག་པའི་ཁྱབ་ཁོངས་སུ་ས་མིང་སྒྲ་བསྒྱུར་གྱི་བསྒྱུར་སྟངས་ལྟར་བསྒྱུར་བཞིན་ཡོད་པ་རེད། འདི་ནི་ས་མིང་གི་སྟེང་དུ་ཡོད་པའི་དམངས་སྲོལ་རིག་གནས་དང་ལོ་རྒྱུས་རིན་ཐང་དང་ཡང་མཐུན་པར་འདོད་དེ། གོང་དུ་བཤད་པ་བཞིན་ས་མིང་ཞིག་གིས་ས་ཆ་དེའི་དམངས་སྲོལ་རིག་གནས་མངོན་པར་མཚོན་དེ། རྒྱུ་མཚན་ས་མིང་དེ་ཐོག་དང་པོར་མི་རིགས་གང་དེས་འདོགས་དུས་རང་གི་མི་རིགས་ཀྱི་རིག་གནས་རྨང་དང་རྒྱུ་མཚན་དུ་བྱས་ནས་བཏགས་ཡོད་པས། ས་མིང་གིས་རིག་གནས་ཕུན་སུམ་ཚོགས་པ་ཁུར་ཡོད་པ་རེད། བོད་ཀྱི་ས་མིང་གི་ནང་ན་དོན་ལ་དཔྱད་པ་ཞིབ་མོ་མ་བཏང་ན་རྟོགས་དཀའ་བའི་རིགས་མང་པོ་ཡོད་དེ། དཔེར་ན་བརྡ་རྙིང་གི་མིང་དང་བརྡ་དོན་ཐག་གིས་མི་ཆོད་པའི་རིགས་སོགས་ཡོད་པས། གལ་སྲིད་ས་མིང་ལོ་ཙཱ་བྱེད་དུས་བརྡ་དོན་གཏིང་ཟབ་མོས་ཐག་གིས་མི་ཆོད་ན་ལོ་ཙཱ་ཡང་དག་པ་བྱེད་མི་ནུས་པ་རེད། དེ་བས་ས་མིང་ལོ་ཙཱ་བྱེད་དུས་སྒྲ་བསྒྱུར་གྱི་ལོ་ཙཱ་བྱེད་སྟངས་སྤྱད་ན་ནི་དོན་མཐུན་ལུགས་མཐུན་ཡོང་བ་རེད། ས་མིང་ལོ་ཙཱ་གཅིག་གྱུར་མིན་པའི་གནད་དོན་ཡང་རང་སྐྱོང་ལྗོངས་དང་ཁུལ་སོགས་སུ་ཡོད་ལ། ལྷག་པར་དུ་བོད་ཀྱི་རི་ཆུ་ནགས་གསུམ་སོགས་ཡིག་སྒྱུར་བྱེད་དུས། གཅིག་ནས་བོད་ཡིག་གི་འབྲི་སྟངས་གཅིག་གྱུར་མིན་པ་དང་། གཉིས་ནས་བསྒྱུར་སྟངས་གཅིག་གྱུར་མིན་པ་སོགས་ཀྱི་གནད་དོན་ཡོད་པ་རེད། ལྷག་པར་དུ་བཅིངས་བགྲོལ་རྗེས་སུ་ཡིག་ཐོག་ཏུ་བཀོད་པའི་རིགས་ལ་གོང་གི་གནད་དོན་དེ་ཅུང་མངོན་གསལ་ཡིན་ལ། དཔེར་ན་རྫོང་ཞིག་ལ་གསར་དུ་མིང་ཞིག་བཏགས་རྗེས་ས་དེའི་སྔོན་གྱི་ལོ་རྒྱུས་ཀྱི་བསོད་ནམས་ཁུར་བའི་ས་མིང་དེ་རྩ་བ་ནས་གཡུག་པས་སྔོན་གྱི་ས་མིང་དང་གསར་དུ་བཏགས་པའི་རིགས་བཅས་མིང་གཉིས་བྱུང་བ། ས་མིང་ཡི་གེར་ཕབ་དུས་ཡི་གེར་ཕབ་མཁན་པའི་ཤེས་བྱའི་ཚད་རིམ་ལྟར་སྒྲ་ཐད་ཀར་ཡི་གེར་འགོད་པའི་རིགས་ཡོད་པ་རེད། ཡང་བོད་ཡིག་གིས་བྲིས་པའི་ས་མིང་གཅིག་ལ་བསྒྱུར་སྟངས་དུ་མ་ཡོད་པའི་རིགས་སོགས་ཡོད་དེ། དཔེར་ན། ས་མིང་གཅིག་ལ་སྒྲ་བསྒྱུར་དང་དོན་བསྒྱུར་གཉིས་ཀྱི་ས་མིང་ཡོད་ལ། དེ་ལས་ཀྱང་དོན་བསྒྱུར་བྱས་པ་མ་དག་པའི་རིགས་ཀྱང་ཡོད་པ་རེད།  

 འོ་ན་གནད་དོན་འདི་དག་ཇི་ལྟར་སྐྱེད་པ་རེད་ཅེས་ན། རྒྱུ་མཚན་ཡང་སྣ་མང་ཡོད་པར་འདོད་དེ། ས་གནས་དང་འབྲེལ་ཡོད་སྡེ་ཁག་གིས་དུས་ཚོད་སྔ་ཕྱིར་སྤྱི་བསྒྲགས་བྱས་པའི་ས་མིང་གཅིག་གྱུར་མིན་པ་དང་། ས་གནས་སྲིད་གཞུང་དང་ས་གནས་དམངས་སྲིད་སྡེ་ཁག་གིས་སྔ་ཕྱིར་བསྒྲགས་པའི་ས་མིང་ཡི་གེར་བཀོད་པ་དང་ལོ་ཙཱ་བྱས་པ་གཅིག་གྱུར་མེད་པ་ནི་དཔེ་མཚོན་མང་པོ་ཡོད་པ་རེད། ལོ་ཙཱ་བའི་ཤེས་བྱའི་ཚད་གཞི་དང་གཟབ་ནན་གྱི་ཚད་ཀྱིས་མི་འདང་བ། ལོ་ཙཱ་བའི་ལོ་ཙཱའི་ཚད་ཆུ་ཚད་དང་གོ་བ་ལེན་སྟངས་འདོད་མོས་མི་འདྲ་བས་བསྒྱུར་བྱའི་ནང་དོན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། དཔེར་ན་མ་གཞི་བོད་ཀྱི་ས་མིང་ཞིག་ཡིན་ནའང་། ལོ་ཙཱ་བས་རྒྱ་ཡིག་ལ་གཞི་བཅོལ་ནས་བསྒྱུར་བས་འགྱུར་སྐྱོན་བྱུང་བ་ལྟ་བུ་ནི་ལོ་ཙཱ་བའི་ཤེས་བྱའི་ཆུ་ཚད་ཀྱིས་མ་འདང་བའི་རྟགས་ཤིག་རེད། བརྡ་ཁྱབ་ལས་སྒྲུབ་ཁང་གིས་གང་འདོད་དང་འགན་ཁུར་མེད་པའི་སྒོ་ནས་སྤྱི་བསྒྲགས་བྱང་བུ་སོགས་བཟོས་པ། ད་དུང་འབྲེལ་ཡོད་མི་སྣས་ད་ལྟ་ལོ་ཙཱའི་ཁྱབ་ཁོངས་སུ་རྒྱ་ཁྱབ་དུ་སྤྱོད་བཞིན་པའི་མ་ལག་གི་ལོ་ཙཱ་བྱེད་སྟངས་སྤྱད་པ། མ་ལག་གི་ལོ་ཙཱ་བྱེད་སྟངས་འདི་ནི་བོད་ཡིག་བརྡ་སྤྲོད་ཀྱི་ལུགས་དང་དེ་ཙམ་མཐུན་པོ་མེད་པས། ལོ་ཙཱ་བྱེད་དུས་མིང་བརྡ་ཙམ་འཚོལ་བ་ལ་སྤྱོད་པ་ལས་ཡོད་ཚད་མ་ལག་ཏུ་བཞག་ན་ནི་བོད་ཀྱི་བརྡ་སྤྲོད་ཀྱི་ཆོས་ཉིད་ནི་འཐོར་འགྲོ་བའི་ཚོར་བ་ཐེངས་དུ་མར་སྐྱེས། འདི་དག་ཡང་ལོ་ཙཱ་བའི་ཆུ་ཚད་དང་འབྲེལ་བ་ཡོད་པ་རེད། 

 གནད་དོན་འདི་དག་ཇི་ལྟར་སེལ་དགོས་པའི་ཕྱོགས་ནས་བདག་གིས་གྲོས་གཞི་མགོ་མ་སྨིན་པ་འདི་དག་འདོན་པར་འདོད་དེ། གཅིག་ནས་ས་མིང་ལོ་ཙཱ་ལ་འགྱུར་སྐྱོན་དང་ནོར་འཁྲུལ་མི་ཡོང་བའི་ཆེད་དུ་འདུ་ཤེས་ཡང་དག་འཛིན་རྒྱུ་དང་ནན་ཏན་བྱ་རྒྱུ་ནི་འགྱུར་སྐྱོན་སེལ་ཐབས་ཀྱི་ལམ་དང་པོ་ཡིན་པས། ལོ་ཙཱ་བ་རྣམས་ཀྱིས་རང་གི་འོས་འགན་དང་རིག་གནས་ཀྱི་འདུ་ཤེས་ཟབ་དུ་བཏང་ནས། ས་མིང་བསྒྱུར་དུས་ནན་ཏན་ཆེན་པོས་ངང་བསྒྱུར་དགོས་ལ། ལྷག་པར་དུ་ས་མིང་དེའི་འབྲེལ་ཡོད་ཡིག་ཆ་སོགས་ལ་གཟིགས་ནས་ཡང་དག་པ་དེ་སྤྱོད་རྒྱུ་ནི་ཧ་ཅང་གལ་ཆེ་བའི་དོན་ཞིག་རེད། གཉིས་ནས་ས་མིང་དང་འབྲེལ་བའི་རིག་གནས་སྐོར་ལ་དོ་སྣང་བྱ་དགོས་པ«ས་མིང་འགྱུར་སྐྱོན་དང་འགྱུར་སྐྱོན་སེལ་ཐབས་བཤད་པ།»[5]ཞེས་ལས་གསུངས་པ་དེ་རེད། མི་རིགས་གང་ཞིག་ཡིན་རུང་རང་གི་ལོ་རྒྱུས་འབྱུང་འཕེལ་སོགས་མི་འདྲ་བའི་རྐྱེན་གྱིས་མི་རིགས་སོ་སོའི་ལོ་རྒྱུས་རྒྱབ་ལྗོངས་མི་འདྲ་བས་སྐད་གཉིས་ཕན་ཚུན་ལོ་ཙཱ་བྱེད་དུས་སྐད་ཡིག་དེ་ཉིད་མཚོན་པའི་མི་རིགས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ལོན་རྒྱུ་ནི་གལ་འགངས་ཆེ། སྤྱིར་ས་མིང་སྟེང་ནས་མི་རིགས་དེའི་ལོ་རྒྱུས་སམ་རིག་གནས་མངོན་པར་མཚོན་ཡོད་པས། ལོ་རྒྱུས་ཐོག་གི་ས་གནས་དེའི་མིང་ཡང་དག་པ་དང་ཆ་འགྲིག་པ་ཞིག་ལོ་ཙཱ་བྱ་དགོས་ན། དང་ཐོག་མིང་དེའི་རྒྱབ་ལྗོངས་རྒྱུས་མངའ་ལོན་ནས་འོས་ཤིང་འཚམ་པ་ཞིག་གདམས་དགོས། དཔེར་ན། ལྷ་སའི་ཇོ་ཁང་མདུན་གྱི་བོད་རྒྱ་ལོ་རྒྱུས་རྡོ་རིང་དེ་སྤྱི་ལོ823ལོར་བཙུགས་ཤིང་། དེའི་ནང་ཐང་རྒྱལ་རབས་ཀྱི་རྒྱལ་པོ་དང་བོད་ཀྱི་བཙན་པོ། སྐད་གྲགས་ཅན་གྱི་བོད་རྒྱ་བློན་པོ་སོགས་ཀྱི་མིང་དང་ས་མིང་བཀོད་ཡོད་པས་ལོ་རྒྱུས་ལ་རྒྱུས་མངའ་མེད་ན་བོད་རྒྱ་གཉིས་ཀྱི་མིང་བརྡ་སོགས་གོ་དཀའ་བས། ས་མིང་དང་འབྲེལ་བའི་རིག་གནས་སྐོར་ལ་དོ་སྣང་བྱ་དགོས་པ་ནི་ཡང་ཧ་ཅང་གལ་ཆེན་དུ་གྲུབ། གསུམ་ནས་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་ལྟར་དག་བཅོས་དང་དོ་དམ་ནན་མོ་བྱེད་པ། སྤྱིར་བཏང་རང་རེའི་རྒྱལ་ཁབ་ཀྱིས་ཀྱང་ས་མིང་ལོ་ཙཱ་ལ་གཙིགས་ཆེན་གནང་ནས། འདིའི་ཕྱོགས་ལ་བྱ་བ་རབ་དང་རིམ་པ་བྱས་ཤིང་ལྷག་པར་དུ་ས་གནས་དམངས་སྲིད་ཅུས་ཀྱིས་རང་རང་རྫོང་གི་ས་མིང་ལོ་ཙཱ་དང་འཚོལ་སྡུད་བྱེད་བཞིན་ཡོད། དེ་བས་འབྲེལ་ཡོད་སྡེ་ཁག་གིས་ལོ་ཙཱ་བ་ཚད་ལྡན་ལ་བརྟེན་ནས་ས་མིང་བསྒྱུར་དགོས་པར་འདོད། བཞི་ནས་ས་མིང་འབྲི་དུས་སྔོན་གྱི་འབྲི་སྟངས་དང་བོད་ཀྱི་ལོ་རྒྱུས་རྣམ་ཐར་སོགས་སུ་ཡོད་པའི་ས་མིང་སྤྱོད་པ། མིང་གང་ཞིག་ཡིན་ཡང་འབྲི་སྟངས་ཡང་དག་འཚོལ་དུས་སྔོན་གྱི་བླ་མ་ཚད་ལྡན་གྱི་རྣམ་ཐར་དང་ཡིག་ཚང་ལ་དང་ལོ་རྒྱུས་ཡིག་ཚང་ལ་བསྟུན་དགོས། སྔོན་གྱི་བླ་མ་རྣམས་ཀྱི་རྣམ་ཐར་ནི་མཁས་པའི་དབང་བོ་དང་བོད་ཀྱི་རིག་གནས་ལ་བྱང་ཆ་ཡོད་པའི་མི་དག་གིས་བྲིས་པ་ཡིན་པས་ཚད་ལྡན་དུ་འགྲོ། ལྔ་ནས་ས་མིང་ལོ་ཙཱ་བྱེད་དུས་སྒྲ་བསྒྱུར་གྱི་བསྒྱུར་སྟངས་བརྩི་སྲུང་བྱེད་དགོས། “མིང་བདག་པོར་བརྟེན་པའི”རྩ་དོན་ལྟར་ལོ་ཙཱ་བྱས་ན་གོང་ནས་གླེང་ཟིན་པ་ལྟར། ས་མིང་གི་སྟེང་དུ་ཡོད་པའི་རིག་གནས་ལ་གཏོར་སྐྱོན་མི་འབྱུང་བར་སོར་བཞག་བྱེད་ཐུབ། དྲུག་ནས་ལོ་ཙཱ་བའི་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་དགོས། ཨ་ལགས་དོར་ཞི་མཆོག་གིས་ལོ་ཙཱའི་གནད་དོན་ལྔ་བཏོན་པ་སྟེ། བསྒྱུར་བྱ་སྒྱུར་བྱེད་སྐད་ཡིག་གཉིས་ཀར་ལག་མི་འཐོགས། །སྤྱི་དང་བྱེ་བྲག་ཤེས་བྱའི་གཞུང་ལུགས་ཁོངས་དུ་ཆུད། །བསྒྱུར་བྱའི་ཡི་གེ་ནང་དོན་སྔོན་ལ་ངེས་ཤེས་བྱ། །དོན་ལ་མ་ནོར་ཚིག་ལ་ཇི་བཞིན་ཐོན་མི་དགོས། །སྒྱུར་བྱེད་སྐད་ཀྱི་གོམ་སྲོལ་ལྟར་སྦྱོར་བརྡ་འཕྲོད་གནང་། །ཅེས་གསུངས་པ་བཞིན་ལོ་ཙཱ་བའི་ཤེས་བྱ་ནི་གནད་འགག་ཏུ་གྲུབ་ཡོད། རང་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་མའོ་ཏུན་གྱིས་རྒྱལ་ཡོངས་རྩོམ་རིག་ལོ་ཙཱའི་སྐོར་གྱི་ཚོགས་འདུ་རུ་གཏམ་བཤད་གནང་སྐབས། སྐད་རིགས་གཉིས་ལ་བྱང་གོམས་ཆེ་དགོས་པ་ནི་ལོ་ཙཱའི་ལས་ལ་འཇུག་པའི་མ་མཐའི་ཆ་རྐྱེན་ཡིན། རྩོམ་རིག་བརྩམས་ཆོས་ལོ་ཙཱ་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། སྐད་གཉིས་ལ་སྦྱངས་པ་མཐར་སོན་དགོས་རྒྱུ་སྨོས་མེད་ཐོག ད་དུང་རྩོམ་རིག་གི་ཤེས་བྱ་གང་ཟབ་རྟོགས་པ་དང་འཚོ་བའི་མྱོང་འདྲིས་ཆེན་པོ་བྱུང་ཕྱིན་སྒྱུ་རྩལ་གསར་གཏོད་ལྡན་པའི་བསྒྱུར་ཆོས་ཤིག་སྒྲུབ་ཐུབ་ཅེས་གསུངས་པས་སྐད་གཉིས་ཀྱི་ཚུ་ཚད་གོང་འཕེལ་བཏང་ན་ད་གཟོད་འགྱུར་ཡིག་གི་སྤུས་ཀ་མཐོ་རུ་འགྲོ་སྲིད།   

སྤྱིར་ས་མིང་རིག་པ་ནི་སྣ་འཛོམས་ངང་ས་མིང་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་པ་དང་། ནང་དོན་དང་ཚིག་གི་སྦྱོར་བའི་ཁྱད་ཆོས། འགྱུར་ལྡོག ཁྱབ་རྒྱའི་ཆོས་ཉིད། སྤྱོད་རྒྱ་སོགས་ལོ་རྒྱུས་ས་རྒྱུས་རིག་པ་དང་ས་རྒྱུས་རིག་པ། ལོ་རྒྱུས་རིག་པ། མི་རིགས་རིག་པ། མིའི་རིགས་རིག་པ། སྐད་བརྡ་རིག་པ། ས་ཁྲ་རིག་པ་སོགས་དང་དམ་པོར་འབྲེལ་བའི་སྒེར་ཚུགས་ཀྱི་བསླབ་ཚན་ཞིག་ཡིན།[6]ཞེས་གསུངས་པ་བཞིན། ས་མིང་རིག་པའི་ངོས་ཐད་ནས་བསམ་བློ་བཏང་ནའང་ས་མིང་ནི་ཧ་ཅང་གལ་འགངས་ཆེ་ལ། གཏིང་ཟབ་པའི་རིག་ཚན་སྒེར་ཚུགས་པ་ཞིག་གྲུབ་ཚར་ཡོད་པ་རེད། དེ་བས་ང་ཚོས་ཡང་རིག་པ་འདི་དག་ནང་འདྲེན་བྱེད་མི་ནུས་ནའང་རིག་ཚན་འདིའི་དོན་སྙིང་རྟོགས་ཤིང་གཞན་གྱི་སྐད་ལ་བསྒྱུར་དུས་སྣང་ཆུང་མི་བྱེད་པར། རང་ནུས་གང་ཡོད་བཏོན་ནས་ས་མིང་རིག་པའི་ནང་དོན་འཐུས་ཚང་དང་ཚད་ལྡན་ཅན་དུ་འགྱུར་བ་དང་། ས་མིང་དང་འབྲེལ་བའི་ལོ་རྒྱུས་བསྡུ་སྒྲིག་བྱེད་པ་ནི་ཡང་ཧ་ཅང་གལ་འགངས་ཆེ་བར་འདོད།


མཉམ་སྤྱོད།