མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས11ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག

2022-11-17 21:33:36   |   308

ལེའུ་དང་པོ།   སྤྱིའི་རྩ་དོན།

དོན་ཚན་དང་པོ།    སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་དང་།  བོད་བརྒྱུད་ནང་བསྟན་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོབ།  ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ལས་དོན་ལ་དོ་དམ་བྱེད་པ།   བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་མི་སྣ།   ཆོས་དད་མང་ཚོགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁུལ་གྱི་རང་སྐྱོང་བཅའ་ཁྲིམས》རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཆོས་ལུགས་ལས་དོན་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་སྟེ།  རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ།   སྲོལ་ཡིག་འདིར་བརྗོད་པའི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཟེར་བ་ནི་བོད་བརྒྱུད་ནང་བསྟན་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ལས་དོན་ལ་ཟེར།

དོན་ཚན་གསུམ་པ།   བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོ་དང་། ཆོས་དད་སྤྱི་དམངས་དང་ཆོས་ལ་མི་དད་པའི་སྤྱི་དམངས།      གྲུབ་མཐའ་རིགས་མི་གཅིག་པ་ལ་དད་པའི་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན་ལ། ཕན་ཚུན་བརྩི་བཀུར་བྱེད་པ་མ་ཟད་མཐུན་འགྲིག་མཉམ་གནས་བྱེད་དགོས།

དོན་ཚན་བཞི་བ།   བོད་བརྒྱུད་ནང་བསྟན་ལས་དོན་གྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ཁྲིམས་སྲོལ།  སྒྲིག་ལམ་སོགས་ལ་བརྩི་སྲུང་བྱེད་དགོས་པ་དང་།  རྒྱལ་ཁབ་ཀྱི་སྲིད་འཛིན་དང་ཁྲིམས་འཛིན།   སློབ་གསོ།   གཉེན་སྒྲིག   འཆར་ལྡན་བུ་སྐྱེ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པར་བཀག་རྒྱ་བཟོ་མི་ཆོག

བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་ལས་ཁུར་མི་སྣས་དབང་ཤུགས་བཀོལ་ནས་མེད་པར་བཟོས་ཟིན་པའི་གོམས་སྲོལ་རྙིང་བ་སླར་གསོ་བྱེད་མི་ཆོག

དོན་ཚན་ལྔ་བ། བོད་བརྒྱུད་ནང་བསྟན་ལས་དོན་གྱིས་རང་སྟོབས་རང་སྤེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  ཕྱི་རོལ་དུ་འབྲེལ་འདྲིས་བྱེད་པའི་བྱ་འགུལ་ཁྲོད་དུ་ཆོས་ལུགས་ཐད་ཀྱི་ཆ་རྐྱེན་གཞན་པ་དང་ལེན་བྱེད་མི་ཆོག

དོན་ཚན་དྲུག་པ།   རང་སྐྱོང་ཁུལ་དང་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ལས་དོན་ལག་བསྟར་བྱེད་པར་སྲིད་འཛིན་དོ་དམ་བྱེད་དགོས།  རང་སྐྱོང་ཁུལ་དང་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རང་འགན་ཁུར་བའི་ཁྱབ་ཁོངས་ནང་གི་འགན་ནུས་དེ་ཁྲིམས་ལུགས་ལྟར་དུ་སྲིད་འཛིན་དང་ལག་བསྟར་བྱེད་དགོས།

དོན་ཚན་བདུན་པ།   ནང་བསྟན་མཐུན་ཚོགས་དང་།  ཆོས་ལུགས་བྱེད་སྒོ་སྤེལ་ས།  ཆོས་ལུགས་ལས་ཁུར་མི་སྣ།   ཆོས་དད་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ།  ཆོས་ལུགས་ཀྱི་བྱེད་སྒོ་རྒྱུན་ལྡན་ངང་ལས་སྤེལ་བྱེད་དགོས།

དོན་ཚན་བརྒྱད་པ།  ནང་བསྟན་མཐུན་ཚོགས་དང་།   ཆོས་ལུགས་བྱེད་སྒོ་སྤེལ་ས།   ཆོས་ལུགས་ལས་ཁུར་མི་སྣ།  ཆོས་དད་སྤྱི་དམངས་བཅས་ཀྱིས་སྒྲིག་བརྩི་ཁྲིམས་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་།  མི་རིགས་ཀྱི་མཐུན་སྒྲིལ།   སྤྱི་ཚོགས་ཀྱི་བདེ་འཇགས་སོགས་ལ་སྲུང་སྐྱོབ་བྱེད་པ།  བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་བྱེད་དགོས།

ལེའུ་གཉིས་པ།  སྲིད་གཞུང་གི་དོ་དམ།

དོན་ཚན་དགུ་བ། རང་སྐྱོང་ཁུལ་དང་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་དོན་དོ་དམ་བྱ་བ་དེ་སྤྱི་ཁོག་གི་བྱ་བའི་ནང་དུ་བཞག་ནས་བཀོད་སྒྲིག་བྱེད་དགོས་ལ།  མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས་ནས། དུས་བཅད་ལྟར་དུ་གནས་པའི་གནད་དོན་ལ་ཞིབ་འཇུག་ཐག་གཅོད་བྱེད་པ་དང་།   འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་དོ་དམ་བྱ་བ་ལེགས་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་གཞི་འགོད་དགོས་ཤིང་།  གཤམ་གྱི་ལས་འགན་འདི་དག་ལག་བསྟར་བྱེད་དགོས།

གཅིག རང་སྐྱོང་ཁུལ་དང་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་སྤྱི་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་དུ་འཇོག་དགོས།

གཉིས། སྤྱི་བདེ་དང་མེ་འགོག་སྡེ་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་བདེ་འཇགས་དང་མེ་གསོད་དོ་དམ་ཐད་ཀྱི་སྒྲིག་ལུགས་འཛུགས་དགོས་པ་དང་། ཆོས་ལུགས་ལས་ཁུར་མི་སྣའི་ཁྱིམ་ཐོ་དང་ཕྱི་ནང་དུ་འགྲོ་བའི་དོ་དམ་ལ་འགན་ཁུར་དགོས་པ་མ་ཟད།  ཆོས་ལུགས་བྱེད་སྒོ་སྤེལ་སའི་མེ་འགོག་བྱ་བ་ལེགས་སྒྲུབ་དང་མཛུབ་སྟོན་གནང་དགོས།

གསུམ། རིག་གནས་དང་རྒྱང་སྒྲོག་བརྙན་འཕྲིན།  བཟོ་ཚོང་སྲིད་འཛིན་དོ་དམ།  ཡུལ་སྐོར་སྡེ་ཁག་བཅས་ཀྱིས་དུས་བཅད་ལྟར་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་སའི་རྒྱང་སྒྲོག་བརྙན་འཕྲིན་དང་དཔེ་དེབ། སྒྲ་ལེན་པ་དང་དྲ་སྦྲེལ་བ། དགོན་པའི་གནའ་རྫས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་སོགས་ལ་ལྟ་ཞིབ་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་སའི་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་དང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་མཛུབ་སྟོན་བྱེད་དགོས།   ཁྲིམས་འཛིན་དང་སྲིད་འཛིན་སྡེ་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་ས་དེ་རྩ་ཁྲིམས་ཀྱི་ཁྱབ་ཁོངས་སུ་འཇུག་དགོས་ལ།   རྒྱུན་ལྡན་རང་བཞིན་གྱི་ཁྲིམས་ལུགས་དྲིལ་སྒྲོག་གི་སློབ་གསོའི་བྱ་བ་ལེགས་པོར་སྒྲུབ་དགོས།

བཞི། རྒྱལ་ཁོངས་ཐོན་ཁུངས་དང་འཛུགས་སྐྲུན་སྡེ་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་སའི་ས་གནས་དང་བཟོ་སྐྲུན་འཆར་འགོད་ལ་ཞིབ་བཤེར་ཆོག་མཆན་འགོད་དགོས་པ་དང་།  བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་སའི་ས་ཞིང་བཀོལ་སྤྱོད་བྱེད་རྒྱུ་ཐོ་འགོད་བྱེད་དགོས་པ་དང་ཡིག་ཚགས་བཟོས་པ་འཐུས་ཚང་ཡིན་དགོས།

ལྔ། འཕྲོད་བསྟེན་དང་། དམངས་སྲིད།  སྤྱི་ཚོགས་འགན་སྲུང་སྡེ་ཁག་བཅས་ཀྱིས་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་གཏན་ཁེལ་གཞིར་བཟུང་སྟེ། ཆོས་ལུགས་ལས་ཁུར་མི་སྣའི་སྨན་བཅོས་དང་།  རོགས་སྐྱོར།   རྒན་གསོ་སོགས་སྤྱི་ཚོགས་འགན་སྲུང་གི་བྱ་བར་འགན་ཁུར་དགོས།

དྲུག སློབ་གསོ་སྲིད་འཛིན་སྡེ་ཁག་གིས་བཅའ་ཁྲིམས་དང་འགལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་སློབ་སྒྲུབ་བྱེད་པ་བཅས་ལ་ཁྲིམས་ལུགས་ལྟར་དུ་གཙང་བཤེར་བྱེད་དགོས།

བདུན། བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་ས་རུ་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་བཞག་དང་རང་ཁ་རང་གསོའི་བྱ་བ་གསར་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་བཅུ་བ།   རང་སྐྱོང་ཁུལ་དང་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་གཤམ་གྱི་ལས་འགན་ལག་བསྟར་བྱེད་དགོས།

གཅིག ཁྲིམས་འཛིན་སོགས་སྡེ་ཁག་དང་མཉམ་དུ་ཆོས་ལུགས་ལས་ཁུར་མི་སྣར་ཁྲིམས་ལུགས་ཁྲིམས་སྲོལ་དང་།   རྒྱལ་གཅེས་ཆོས་གཅེས།  སྤྱི་ཚོགས་རིང་ལུགས།  ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་སློབ་གསོ་བཅས་དྲིལ་སྒྲོག་བྱེད་དགོས།

གཉིས། ཆོས་ལུགས་བྱེད་སྒོ་སྤེལ་ས་སྒྲིག་འཛུགས་བྱེད་པ་དང་། མཉམ་བསྡུ། བརྗེ་སྤོར།   མཚམས་འཇོག   བསྐྱར་འཛུགས།  ཉམས་གསོ།   སྒོ་འབྱེད།  སྤྲུལ་སྐུ་འཚོལ་བ།   དགེ་རྒན་གདན་འདྲེན་སོགས་ཀྱི་བྱ་བ་རིམ་པ་ལྟར་དུ་ཞིབ་བཤེར་བྱེད་པ་དང་གོང་ཞུ་བྱེད་དགོས།

གསུམ། རིམ་པ་འོག་མའི་མི་དམངས་སྲིད་གཞུང་གི་བོད་བརྒྱུད་ནང་བསྟན་ལས་དོན་དོ་དམ་བྱ་བའི་ཐད་དུ་རྟོག་ཞིབ་དང་མཛུབ་སྟོན་གནང་དགོས།

བཞི། ནང་བསྟན་མཐུན་ཚོགས་ཀྱི་བྱ་བ་སྤེལ་བར་རྒྱབ་སྐྱོར་དང་ཁག་ཐེག་བྱེད་དགོས་པ་དང་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

ལྔ། བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་སའི་ནང་ཁུལ་གྱི་འགལ་བ་རྩོད་གཞི་འདུམ་འགྲིག་དང་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་དགོས།

དྲུག སྲིད་གཞུང་མ་ཡིན་པའི་ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སར་ཕུལ་བའི་རྒྱུ་ནོར་དང་འཛུགས་སྐྲུན་བྱེད་པའི་ལས་གཞིར་ལྟ་སྐུལ་བྱེད་དགོས།

དོན་ཚན་བཅུ་གཅིག ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་གིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་མཛུབ་སྟོན་འོག་ཏུ། ཁོངས་གཏོགས་ས་ཆ་ནས་དོ་དམ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། རང་ས་གནས་ཀྱི་ཆོས་ལུགས་ལས་དོན་བྱ་བའི་དོ་དམ་ལ་འགན་ཁུར་དགོས།

ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་ལས་ཁུར་མི་སྣའི་བྱ་བར་འབྲེལ་གཏུགས་བྱས་ཏེ། འབྲེལ་ཡོད་ཀྱི་གནས་ཚུལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་ལ།     འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་སྒྲོག་བྱེད་དགོས།

དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་དང་མང་ཚོགས་ཀྱི་ལྟ་སྐུལ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་བྱ་བར་མཛུབ་སྟོན་དང་མཐུན་སྦྱོར།   ཞིབ་བཤེར་བཅས་བྱེད་དགོས།

དོན་ཚན་བཅུ་གཉིས།   སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་ཆོས་ལུགས་ལས་དོན་དོ་དམ་དང་ཞབས་ཞུའི་བྱ་བ་ལེགས་སྒྲུབ་བྱེད་དགོས།

ལེའུ་གསུམ་པ།  ནང་བསྟན་མཐུན་ཚོགས།

དོན་ཚན་བཅུ་གསུམ།  སྲོལ་ཡིག་འདིར་བརྗོད་པའི་ནང་བསྟན་མཐུན་ཚོགས་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་ཁུར་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་གྲུབ་ཅིང་ཁྲིམས་ལྟར་ཐོ་འགོད་བྱས་ཡོད་པའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་ལ་ཟེར།

དོན་ཚན་བཅུ་བཞི།  ནང་བསྟན་མཐུན་ཚོགས་ཀྱི་དབང་ཆ།

གཅིག   མཐུན་ཚོགས་འདིའི《སྒྲིག་ཡིག》ལྟར་དུ་བྱེད་སྒོ་སྤེལ་རྒྱུ།

གཉིས། ཁྲིམས་ལུགས་ལྟར་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་ཁུར་མི་སྣའི་ཐོབ་ཐང་གཏན་ཁེལ་བྱེད་པ་དང་མེད་པར་བཟོ་བ།

གསུམ། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་བྱ་བར་མཛུབ་སྟོན་གནང་དགོས་པ་དང་།  དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འདེམས་པའི་མཚམས་སྦྱོར་བྱ་བར་མཛུབ་སྟོན་གནང་དགོས།

བཞི། ནང་བསྟན་རིག་གནས་ཐད་ཀྱི་དཔྱད་གླེང་ཞིབ་འཇུག་བྱེད་པ་དང་།  ནང་བསྟན་སློབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་བསྡུ་བ་དང་ཆོས་ལུགས་རིག་པའི་བགྲོ་གླེང་བཅས་ཀྱི་བྱེད་སྒོ་སྤེལ་དགོས་ལ།   ཕྱི་རོལ་དུ་མཛའ་མཐུན་ངང་འབྲེལ་འདྲིས་བྱེད་པའི་བྱེད་སྒོ་སྤེལ་དགོས།

ལྔ། ནང་བསྟན་གྱི་ནང་ཁུལ་དུ་དཔྱད་གཞིའི་རིན་ཐང་ཡོད་པའི་ཡིག་ཆ་པར་སྐྲུན་བྱེད་དགོས།

དྲུག  སྤྱི་ཚོགས་ཀྱི་སྤྱི་ཕན་ལས་རིགས་དང་ཁེ་ཕོགས་རང་བཞིན་མིན་པའི་དཔལ་འབྱོར་སྐྲུན་རྒྱུ།

བདུན། སྤྲུལ་སྐུ་ངོས་འཛིན་གྱི་བྱ་བ་ལེགས་པོར་སྒྲུབ་དགོས་ལ།  འདུལ་ཁྲིམས་སྲུང་བ་དང་སློབ་གསོ་གཏོང་བ་བཅས་ཀྱི་ཐད་དུ་མཛུབ་སྟོན་གནང་དགོས།

དོན་ཚན་བཅོ་ལྔ།   ནང་བསྟན་མཐུན་ཚོགས་ཀྱི་འོས་འགན།

གཅིག  ཆོས་ལུགས་ལས་ཁུར་མི་སྣ་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱེད་དུ་འཇུག་པ་དང་། སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་ནང་བསྟན་ལས་རིགས་ཁག་གི་ནང་ཁུལ་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པར་རོགས་འདེགས་བྱེད་དགོས་ལ། ཆོས་ལུགས་མི་སྣར་རྒྱལ་གཅེས་ཆོས་གཅེས་དང་འདུལ་ཁྲིམས་སྲུང་བར་སློབ་གསོ་གཏོང་དགོས།

གཉིས། མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་བྱེད་པ་དང་ལེན་བྱེད་དགོས་ལ།   འབྲེལ་ཡོད་སྡེ་ཁག་ལ་ཆོས་ལུགས་ལས་ཁུར་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་བཏོན་པའི་བསམ་ཚུལ་དང་རེ་བ་ཡར་ཞུ་བྱེད་དགོས།

གསུམ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་རུ་ནང་བསྟན་ཤུལ་བཞག་དངོས་པོ་རྩ་ཆེན་དང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་བྱ་བར་སྲུང་སྐྱོབ་བྱེད་པར་རོགས་འདེགས་བྱེད་དགོས།

བཞི། ནང་བའི་བསྟན་བཅོས་ལ་ཞིབ་འཇུག་དང་སྲུང་སྐྱོབ་བྱས་ཏེ།   ཆོས་ལུགས་སྙིང་བོ་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པར་འགྲེལ་བཤད་བྱེད་དགོས།

ལྔ།  ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་བྱས་པའི་འོས་འགན་གཞན་པ།

ལེའུ་བཞི་བ།   བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་ཀྱི་བྱེད་སྒོ།

དོན་ཚན་བཅུ་དྲུག   སྲོལ་ཡིག་འདིར་བརྗོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་ནི་ཁྲིམས་ལུགས་ལྟར་དུ་ཐོ་འགོད་བྱས་ཟིན་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་རྒྱུན་སྡོད་བྱས་ཡོད་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་གཞན་པ་ལ་ཟེར།

དོན་ཚན་བཅུ་བདུན།   བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་ན་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་སྟེ་ནན་ཏན་སྒོས་ཞིབ་བཤེར་ཆོག་མཆན་ཐོབ་དགོས་ལ། ཆོག་མཆན་བཀོད་མེད་ན་རྩ་འཛུགས་དང་མི་སྒེར་གང་རུང་གིས་རང་འདོད་དུ་ཆོས་ལུགས་བྱེད་སྒོ་སྤེལ་ས་བཙུགས་མི་ཆོག

དོན་ཚན་བཅོ་བརྒྱད།    བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ལོ་དགུའི་འོས་འགན་སློབ་གསོའི་དུས་རིམ་གྱི་བྱིས་པ་དང་གཞོན་ནུ་བསྡུ་ལེན་བྱེད་མི་ཆོག   གལ་ཏེ་དམིགས་བསལ་གྱིས་བསྡུ་ལེན་བྱེད་དགོས་ཚེ།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་ཐོབ་དགོས།

དོན་ཚན་བཅུ་དགུ།  བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་སྤྱི་ཚོགས་ཀྱི་ཚོགས་པ་དང་མང་ཚོགས་ཀྱིས་རང་འཐད་སྒོས་ཕུལ་བའི་དངོས་པོ་དང་ལེན་བྱས་ཆོག་པ་དང་།   ཕྱི་རོལ་གྱིས་ཕུལ་བའི་དངོས་པོ་དང་ལེན་བྱེད་ན་འབྲེལ་ཡོད་གཏན་ཁེལ་ལྟར་དུ་ཆོག་མཆན་འགོད་པའི་འགྲོ་ལུགས་སྒྲུབ་དགོས།

དོན་ཚན་ཉི་ཤུ།  རྩ་འཛུགས་དང་མི་སྒེར་གང་ཡིན་རུང་ཕྱིའི་རྩ་འཛུགས་དང་སྒེར་གྱིས་ཆོས་ལུགས་ཀྱི་ཐད་དུ་མཐུན་རྐྱེན་སྐྲུན་པ་དང་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་བར་ཆ་རྐྱེན་བསྐྲུན་མི་ཆོག་ལ།   ཕྱིའི་རྩ་འཛུགས་ཀྱིས་མངག་བཅོལ་དང་བཀའ་དང་ལེན་བྱེད་མི་ཆོག

དོན་ཚན་ཉེར་གཅིག  ཆོས་དད་མང་ཚོགས་ཀྱི་ཐུན་མོང་གི་ཆོས་ལུགས་བྱེད་སྒོ་དེ་སྤྱིར་བཏང་དུ་ཁྲིམས་ལུགས་ལྟར་དུ་ཐོ་འགོད་བྱས་ཟིན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་རུ་སྒྲུབ་དགོས།

དོན་ཚན་ཉེར་གཉིས། རྫོང་བརྒལ་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་པོ་སྤེལ་ན། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་འགོད་དགོས་པ་མ་ཟད། གཏན་ཁེལ་བྱས་ཡོད་པའི་ས་གནས་དེ་རུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་དགོས།

དོན་ཚནཉེར་གསུམ། ནང་བསྟན་མཐུན་ཚོགས་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་འཐད་པ་བྱུང་རྗེས།   ཕྱི་ཡུལ་ལ་མཛའ་མཐུན་མཉམ་འབྲེལ་བྱེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཆོག་པ་ཡིན།

ལེའུ་ལྔ་བ། ནང་བསྟན་གྱི་ཆོས་ལུགས་ལས་ཁུར་མི་སྣ།

དོན་ཚན་ཉེར་བཞི།  སྲོལ་ཡིག་འདིར་བརྗོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་ཁུར་མི་སྣ་ནི་ནང་བསྟན་མཐུན་ཚོགས་ཀྱིས་ངོས་འཛིན་བྱས་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་ཁོ་ན་སྤེལ་བའི་མི་སྣ་ལ་ཟེར།

དོན་ཚན་ཉེར་ལྔ།   ཆོས་ལུགས་ལས་ཁུར་མི་སྣ་ནི་མེས་རྒྱལ་ལ་དགའ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པ།   ནང་བའི་འདུལ་ཁྲིམས་སྲུང་བ་ཞིག་ཡིན་དགོས།

དོན་ཚན་ཉེར་དྲུག བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་གཞི་ཁྱོན་དང་ལོ་རྒྱུས་སྲོལ་རྒྱུན།   གནས་ཡུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་རྒྱུ་རྐྱེན་གནས་ཚུལ་སོགས་གཞིར་བཟུང་སྟེ།   མི་གྲངས་གཏན་ཁེལ་དོ་དམ་ཐད་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས་ལ།    ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་གིས་རང་ས་གནས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་མི་གྲངས་གཏན་ཁེལ་བྱེད་པར་བྱེད་ཐབས་འདོན་དགོས་པ་དང་། རྫོང(རང་སྐྱོང་རྫོང)ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས།   ཁུལ་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཕུལ་དེ་ཐོ་འགོད་བྱེད་དགོས།

དོན་ཚན་ཉེར་བདུན།    རྫོང་ཆོས་ལུགས་ཚོགས་པས་གཏན་ཁེལ་བྱས་པའི་ཆོས་ལུགས་ལས་ཁུར་མི་སྣ་དེ་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་ལ།  རྫོང་ནང་བསྟན་མཐུན་ཚོགས་ཀྱིས《ཆོས་ལུགས་ལས་ཁུར་མི་སྣའི་འཛིན་ཡིག》སྟེར་དགོས།

《ཆོས་ལུགས་ལས་ཁུར་མི་སྣའི་འཛིན་ཡིག》དེར་ལོ་གསུམ་རེ་ནང་དུ་ཞིབ་བསྡུར་ཐེངས་རེར་བྱེད་དགོས་ལ།    དུས་ཚོད་ཐོན་ནས་ཞིབ་བསྡུར་མ་བྱས་པ་དེ་ནུས་མེད་དུ་བརྩི་དགོས།    ཆོས་ལུགས་ལས་ཁུར་མི་སྣའི་ཐོབ་ཐང་མེད་པར་བཟོས་པ་ཡིན་ན།    སྔོན་མའི་ངོས་འཛིན་བྱེད་མཁན་གྱི་ནང་བསྟན་མཐུན་ཚོགས་ཀྱིས་ལག་ཁྱེར་འཛིན་ཡིག་ཕྱིར་བསྡུ་བྱེད་དགོས་ལ། ཐོ་འགོད་ཞུ་མཁན་གྱི་སྡེ་ཁག་གིས་མེད་པར་བཟོ་བའི་འགྲོ་ལུགས་སྒྲུབ་དགོས།  

ངོས་འཛིན་གྱི་ཐོ་འགོད་སྙན་སེང་དང་ཞིབ་བསྡུར་མ་བྱས་པའམ་ཆོས་ལུགས་ལས་ཁུར་མི་སྣའི་ཐོབ་ཐང་མེད་པར་བཟོས་ཡོད་པའི་མི་སྣས་ཆོས་ལུགས་ལས་ཁུར་མི་སྣའི་ཐོབ་ཐང་བཟུང་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག

དོན་ཚན་ཉེར་བརྒྱད།    ཞིང་ཆེན་མི་དམངས་སྲིད་གཞུང་ངམ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་ཐོབ་མེད་པའི་རྩ་འཛུགས་དང་མི་སྒེར་སུ་ཡིན་རུང་བླ་མའི་སྤྲུལ་སྐུ་ངོས་འཛིན་དང་འདྲི་རྩད་བྱེད་མི་ཆོག་ལ།    བླ་མའི་གོ་ས་རྒྱུན་འཛིན་བྱེད་ན་ཕྱི་ཡུལ་རྩ་འཛུགས་དང་མི་སྒེར་གྱིས་ཐེ་གཏོགས་དང་བཀོད་འདོམས་བྱེད་མི་ཆོག  

རང་སྐྱོང་ཁུལ་དང་རྫོང(རང་སྐྱོང་རྫོང)གི་ནང་བསྟན་མཐུན་ཚོགས་སམ་ཆོས་ལུགས་ལས་ཁུར་མི་སྣས་རང་སྐྱོང་ཁུལ་ཕྱི་རོལ་ནས་བླ་མའི་སྤྲུལ་སྐུ་འཚོལ་དགོས་པ་ཡིན་ན།  ཞིང་ཆེན་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་འབྲེལ་ཡོད་འགྲོ་ལུགས་ཡོད་དགོས་པ་མ་ཟད།  བླ་མའི་སྤྲུལ་སྐུ་འཚོལ་སའི་ས་གནས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་འཐད་པ་བྱུང་དགོས།   

རང་སྐྱོང་ཁུལ་ཕན་ཆད་གྱི་ནང་བསྟན་མཐུན་ཚོགས་སམ་ཆོས་ལུགས་ལས་ཁུར་མི་སྣ་རང་སྐྱོང་ཁུལ་དུ་ཡོང་ནས་བླ་མའི་སྤྲུལ་སྐུ་འཚོལ་བ་དང་ངོས་འཛིན་བྱེད་ན།    རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་འཐད་པ་བྱུང་དགོས་པ་མ་ཟད།    ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་འབྲེལ་ཡོད་འགྲོ་ལུགས་ཡོད་དགོས།

དོན་ཚན་ཉེར་དགུ།    ཆོས་ལུགས་ལས་ཁུར་མི་སྣའི་དབང་ཆ།

 གཅིག  ཆོས་ལུགས་ཀྱི་བྱེད་སྒོ་དང་མཛད་སྒོར་འགོ་འཛིན་བྱེད་པའམ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་གཙོ་འགན་བཞེས་པ།

གཉིས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའམ་ནང་བསྟན་མཐུན་ཚོགས་ཀྱི་དོ་དམ་དུ་ཞུགས་པ།

གསུམ། ཆོས་ལུགས་སློབ་གསོ་སྤེལ་བ་དང་ལེན་བྱེད་པ།

བཞི། ནང་བའི་བསྟན་བཅོས་དག་སྒྲིག་དང་ཆོས་ལུགས་རིག་གནས་ལ་ཞིབ་འཇུག་བྱེད་པའམ་ཆོས་ལུགས་ཀྱི་བསམ་འཆར་བརྗེ་རེས་དང་འབྲེལ་འདྲིས་བྱེད་པ།

ལྔ། ཆོས་དད་མང་ཚོགས་ཀྱིས་རང་འཐད་སྒོས་ཕུལ་བའི་འགྱེད་སྐལ་དང་ལེན་བྱེད་པ།

དོན་ཚན་སུམ་ཅུ།   ཆོས་ལུགས་ལས་ཁུར་མི་སྣའི་འོས་འགན།

གཅིག  རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་ཁྲིམས་སྲོལ།   སྒྲིག་སྲོལ་སོགས་ལ་བརྩི་སྲུང་བྱེད་པ་དང་།   རྒྱལ་ཁབ་ཀྱི་གཅིག་གྱུར་དང་།   མི་རིགས་ཀྱི་མཐུན་སྒྲིལ།   སྤྱི་ཚོགས་ཀྱི་འཆམ་མཐུན་བཅས་ལ་སྲུང་སྐྱོབ་བྱེད་དགོས།

གཉིས། གནས་ཡུལ་དེའི་ནང་བསྟན་མཐུན་ཚོགས་ཀྱི་དོ་དམ་དང་ལེན་བྱེད་པ་དང་།   ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་བྱེད་དགོས།

གསུམ། གནས་ཡུལ་དེའི་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་དོ་དམ་དང་ལེན་བྱེད་པ་དང་།   དགོན་པའི་དོ་དམ་ལམ་ལུགས་བརྩི་སྲུང་བྱེད་དགོས།

བཞི། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་བརྩི་སྲུང་བྱེད་པ་དང་།   ནན་ཏན་སྒོས་ཆོས་ལུགས་ལས་ཁུར་མི་སྣའི་འགན་ནུས་ལག་བསྟར་བྱེད་དགོས།

དོན་ཚན་སོ་གཅིག   ཆོས་ལུགས་ལས་ཁུར་མི་སྣ་ས་གནས་གཞན་ལ་སློབ་སྦྱོང་བྱེད་དུ་འགྲོ་ན་རང་ཉིད་ཀྱིས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ།   དགོན་པ་གནས་ཡུལ་གྱི་རྫོང་རིམ་པ་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བསྡུར་བྱེད་དགོས་པ་དང་། སློབ་སྦྱོང་བྱེད་སའི་ཡུལ་དེའི་རྫོང་རིམ་པ་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ཡིད་འཐད་བྱུང་དགོས།    ཞིང་ཆེན་ལས་བརྒལ་དེ་ཕྱི་ཡུལ་ལ་སློབ་སྦྱོང་བྱེད་དུ་འགྲོ་ན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཕུལ་ནས་ཐོ་འགོད་བྱེད་དུ་འཇུག་དགོས།

དོན་ཚན་སོ་གཉིས།   ཕྱིའི་ཆོས་ལུགས་ལས་ཁུར་མི་སྣ་རང་སྐྱོང་ཁུལ་དུ་ཡོང་ནས་སློབ་སྦྱོང་བྱེད་པའམ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་འགོ་འཛིན་བྱེད་ན་གཤམ་གྱི་འགྲོ་ལུགས་སྒྲུབ་དགོས།

གཅིག མི་རང་ཉིད་འདུག་གནས་ཀྱི་ནང་བསྟན་མཐུན་ཚོགས་དང་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་བདེན་དཔང་།    ཆོས་ལུགས་ལས་ཁུར་མི་སྣའི་འཛིན་ཡིག་སོགས་ཡོད་དགོས།

གཉིས། དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་བསམ་འཆར་དང་ལེན་བྱེད་པ་དང་།   རྫོང(རང་སྐྱོང་རྫོང)གི་ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་བཤེར་བཡས་ནས་འཐད་པ་བྱུང་རྗེས།  རྫོང(རང་སྐྱོང་རྫོང)གི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་ནས་ཐོ་འགོད་བྱེད་དགོས།

གསུམ། སློབ་སྦྱོང་བྱེད་ཡུན་ཟླ་གསུམ་ལས་བརྒལ་ན། སློབ་སྦྱོང་བྱེད་ཡུལ་གྱི་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་སུ་སྐབས་འདུག་འགྲོ་ལུགས་སྒྲུབ་དགོས་ལ།    རང་སྐྱོང་ཁུལ་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་རུ་ཆོས་གཉེར་བ་གཙོ་བོའི་འགན་ཁུར་ཡུན་ཟླ་གསུམ་ལས་བརྒལ་ན་སྐབས་འདུག་འགྲོ་ལུགས་སྒྲུབ་དགོས།

ལེའུ་དྲུག་པ།   དགོན་པའི་རྒྱུ་ནོར།

དོན་ཚན་སོ་གསུམ།   དགོན་པའི་ཁྲིམས་མཐུན་ངང་བེད་སྤྱོད་བྱེད་བཞིན་པའི་ཞིང་ས(རྩྭ་ས)དང་།   ཁང་བ།   བཟོ་སྐྲུན་དངོས་པོ།   སྒྲིག་ཆས།    ཕྱུགས་ཟོག    ད་དུང་ཁྲིམས་དང་མཐུན་པའི་ཡོང་སྒོ་བཅས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་ངེས།

དོན་ཚན་སོ་བཞི།  དགོན་པའི་ཁྲིམས་དང་མཐུན་པའི་སྒོ་ནས་བཀོལ་སྤྱོད་བྱེད་བཞིན་པའི་ས་ཞིང་དང་ཁང་བ་དེ་ཁྲིམས་ལྟར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་ཞིང་དང་སྡོད་ཁང་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་ལ།   བཀོལ་སྤྱོད་ཀྱི་དབང་ཆ་ཡོད་པ་དང་བདག་དབང་ཡོད་པའི་འཛིན་ཡིག་ལེན་དགོས།  ཐོན་རྫས་ཀྱི་དབང་ཆ་བསྒྱུར་འདོད་ན་དུས་ལྟར་དུ་བསྒྱུར་བའི་འགྲོ་ལུགས་སྒྲུབ་དགོས།

དོན་ཚན་སོ་ལྔ།  ནང་བསྟན་མཐུན་ཚོགས་དང་དགོན་པས་ཁྲིམས་དང་མཐུན་པའི་སྒོ་ནས་དཔལ་འབྱོར་གྱི་ཡོང་སྒོ་བཙལ་བ་དེ་རྒྱུ་ནོར་དོ་དམ་གྱི་ནང་དུ་འཇུག་དགོས་པ་དང་།   དུས་བཅད་ལྟར་དུ་དགོན་པའི་ནོར་དོན་གཏོང་ཡོང་གི་ཐད་ནས་སྤྱི་བསྒྲགས་བྱེད་དགོས་ལ།  མང་ཚོགས་ཀྱི་ལྟ་སྐུལ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་དང་ཆོས་དད་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

དོན་ཚན་སོ་དྲུག   དགོན་པ་སྤྱིའི་རྒྱུ་ནོར་ལ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་པ་དང་།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་སྡེ་ཁག་གིས་ལྟ་སྐུལ་དང་ལེན་བྱེད་དགོས།

དོན་ཚན་སོ་བདུན། རྩ་འཛུགས་དང་མི་སྒེར་གང་ཡིན་རུང་དགོན་པའི་གནའ་རྫས་གཞན་ལ་སྟེར་བ་དང་བརྒྱུད་སྤྲོད་དམ་བདག་འཛིན་བྱེད་མི་ཆོག    དགོན་པའི་གནའ་རྫས་གཡར་ན་དགོན་པ་ཡིད་འཐད་བྱུང་དགོས་པ་མ་ཟད།  གནའ་རྫས་ཀྱི་རིམ་པ་ལྟར་དུ་གོང་རིམ་མི་དམངས་སྲིད་གཞུང་གི་གནའ་རྫས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་དགོས།

ལེའུ་བདུན་པ།  དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་།

དོན་ཚན་སོ་བརྒྱད།   དགོན་པ་རུ་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ་དགོན་ཨུ་ཁང)  འཛུགས་དགོས་ལ།  དགོན་ཨུ་ཁང་དེ་ཆོས་ལུགས་ལས་ཁུར་མི་སྣའི་ཁྲོད་དུ་འདེམས་ཐོན་བྱུང་ཞིང་།   རང་ཉིད་ལ་དོ་དམ་དང་།   རང་ཉིད་ལ་སློབ་གསོ།   རང་ཉིད་ལ་ཞབས་ཞུ་བཅས་བྱེད་རྒྱུ་ལག་བསྟར་བྱེད་དགོས།    དགོན་ཨུ་ཁང་གིས་ཐུན་མོང་གི་དོ་དམ་འོག་ནས་ལས་བགོས་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་དགོས།

དོན་ཚན་སོ་དགུ།   དགོན་ཨུ་ཁང་གི་འདེམས་བསྐོ་དེ་རྫོང(རང་སྐྱོང་རྫོང)གི་ཆོས་ལུགས་ལས་དོན་སྡེ་ཁག་དང་ནང་བསྟན་མཐུན་ཚོགས་ཀྱིས་མཛུབ་སྟོན་འོག་ཏུ་རྩ་འཛུགས་བྱས་ཏེ་ལག་བསྟར་བྱེད་དགོས།

དགོན་ཨུ་ཁང་གི་ཁོངས་མི་དེ་ཆོས་ལུགས་ལས་ཁུར་མི་སྣས་མཚམས་སྦྱོར་བྱེད་དགོས་པ་ཡིན་ལ།    ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་ཡིད་འཐད་བྱུང་རྗེས་འདེམས་བསྐོ་བྱེད་དགོས་པ་དང་།  འདེམས་བསྐོའི་གྲུབ་འབྲས་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ནས་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བཞི་བཅུ།  དགོན་ཨུ་ཁང་དེ་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།  ཨུ་ཡོན་བཅས་མི་སྣ་གསུམ་ནས་མི་སྣ་བདུན་གྱིས་གྲུབ་པ་ཞིག་ཡིན།  དགོན་ཨུ་ཁང་གིས་བསྐོ་འཇོག་དུས་བཅད་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་སྐབས་རེའི་འགན་ཁུར་ཡུན་ལོ་ལྔ་ཡིན།  དགོན་ཨུ་ཁང་གི་ཁོངས་མི་བསྐྱར་འཇོག་བསྐྱར་འདེམས་བྱེད་ཆོག་ལ།  གནས་ཚུལ་ཁྱད་པར་ཅན་གྱི་འོག་ནས་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་ཡིད་འཐད་བྱུང་དགོས་པ་དང་།   སྔོན་ལ་བསྣུར་བ་དང་རྗེས་སུ་བསྣུར་ནས་སྐབས་བརྗེ་འདེམས་བསྐོ་བྱེད་ཆོག་པ་ཡིན།

དོན་ཚན་ཞེ་གཅིག  དགོན་ཨུ་ཁང་གི་ཁོངས་མིར་གཤམ་གྱི་ཆ་རྐྱེན་འཛོམས་དགོས།

གཅིག སྲིད་གཞུང་གི་དོ་དམ་དང་ལེན་བྱེད་པ་དང་།   རྒྱལ་གཅེས་ཆོས་གཅེས།   སྒྲིག་བརྩི་ཁྲིམས་སྲུང་།   སྡོམ་ཁྲིམས་བརྩི་འཇོག     བྱ་བ་དྲང་བདེན་གྱིས་སྒྲུབ་པ་བཅས་བྱེད་དགོས།

གཉིས། ཆོས་ལུགས་ཀྱི་ཤེས་བྱ་ངེས་ཅན་ལྡན་དགོས་ལ།   ཆོས་ལུགས་ལས་ཁུར་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་ཁྲོད་དུ་སྙན་གྲགས་ཅུང་ཡོད་དགོས།

གསུམ།  རྩ་འཛུགས་དང་དོ་དམ་གྱི་ནུས་པ་ཅུང་ལྡན་དགོས།

དོན་ཚན་ཞེ་གཉིས།    དགོན་ཨུ་ཁང་གིས་གཤམ་གྱི་ལས་འགན་ལག་བསྟར་བྱེད་དགོས།

གཅིག  ཆོས་ལུགས་ལས་ཁུར་མི་སྣར་རྒྱལ་གཅེས་ཆོས་གཅེས་དང་།   སྲིད་ཇུས་ཁྲིམས་སྲོལ།   རིག་གནས་ཤེས་བྱའི་སློབ་གསོ་གཏོང་དགོས་ལ།    ཆོས་ལུགས་ལས་ཁུར་མི་སྣའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་།   བཅའ་ཁྲིམས་ཀྱི་འདུ་ཤེས།   སྤྱི་དམངས་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས།  གདན་སར་བཀོད་པའི་སྤྲུལ་སྐུར་དོ་དམ་དང་སློབ་གསོ་གང་ལེགས་གཏོང་དགོས།

གཉིས། ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་དང་སློབ་གསོ་བཏང་ནས།   རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས་པ་དང་།   མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཡར་སྐུལ་བྱེད་དགོས།

གསུམ། ཕྱི་རོལ་སྟོབས་ཤུགས་ཀྱིས་ཁ་བྲལ་དང་སིམ་འཛུལ་གྱི་བྱེད་སྒོ་སྤེལ་བར་རྩ་བ་ནས་ངོ་རྒོལ་བྱེད་པ་དང་།  འགལ་བ་རྩོད་གཞི་ཞི་ལྷོད་དུ་གཏོང་བ།  རྒྱུན་ལྡན་གྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་།     ཚོགས་རའི་ནང་ཁུལ་དུ་ཐོལ་བྱུང་གི་དོན་རྐྱེན་འབྱུང་བར་དོགས་ཟོན་དང་ཐག་གཅོད་བྱེད་དགོས།

བཞི། ཚོགས་ར་འདིའི་ཆོས་དད་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།

ལྔ། ཚོགས་ར་འདིའི་བཟོ་སྐྲུན་དང་གནའ་རྫས་སོགས་ལ་སྲུང་སྐྱོབ་བྱེད་པ་དང་།    འབྲེལ་ཡོད་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་དགོན་པའི་སྤྱི་ཚོགས་བདེ་འཇགས་དང་མེ་འགོག    འཕྲོད་བསྟེན་སོགས་ཀྱི་བྱ་བ་ལེགས་འཛིན་བྱེད་དགོས།

དྲུག  སྣ་སོ་སོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ།  དམངས་གཙོའི་ཡོང་སྒོ་བཙལ་བ་ལག་བསྟར་བྱས་ནས་རྩིས་ཐོ་འཛུགས་དགོས་པ་མ་ཟད།   དུས་བཅད་ལྟར་དུ་རྒྱུ་ནོར་གཏོང་ཡོང་གི་གནས་ཚུལ་སྤྱི་བསྒྲགས་བྱེད་དགོས།

བདུན། སྣ་སོ་སོའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་རྩ་འཛུགས་བྱེད་དགོས་ལ།  དགོན་པའི་ཆོས་ལུགས་ལས་དོན་དང་ཆོས་ལུགས་ལས་ཁུར་མི་སྣའི་དོ་དམ་བྱ་བར་འགན་ཁུར་དགོས།

བརྒྱད། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་བཞག་དང་རང་གསོའི་དཔལ་འབྱོར་གསར་འཛུགས་བྱེད་དགོས།

དགུ། མང་ཚོགས་ཀྱི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་བསམ་འཆར་དང་གྲོས་གཞིར་དུས་ཐོག་ཏུ་ཞིབ་འཇུག་བྱེད་དགོས་ལ།  དག་བཅོས་ཀྱི་བྱེད་ཐབས་འདོན་དགོས་པ་མ་ཟད།   དག་བཅོས་བྱས་པའི་མཇུག་འབྲས་དེ་མང་ཚོགས་ཀྱི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ལ་སྤྲོད་དགོས།

ལེའུ་བརྒྱད་པ།  མང་ཚོགས་ཀྱི་ལྟ་སྐུལ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་།

དོན་ཚན་ཞེ་གསུམ། བོད་བརྒྱུད་ནང་བསྟན་དགོན་པར་མང་ཚོགས་ཀྱི་ལྟ་སྐུལ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ་ལྟ་དཔྱད་ཁང)འཛུགས་དགོས་ལ།    ལྟ་དཔྱད་ཁང་ནི་བོད་བརྒྱུད་ནང་བསྟན་དགོན་པའི་ས་གནས་དེ་གའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཆོས་ལུགས་ལས་ཁུར་མི་སྣ།   ཆོས་དད་མང་ཚོགས་ཀྱི་འཐུས་མི་བཅས་ཀྱིས་གྲུབ་པའི་མང་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན།   ལྟ་དཔྱད་ཁང་དེ་ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་གི་མཛུབ་སྟོན་འོག་ཏུ་འདེམས་ཐོན་བྱུང་ཞིང་།   ལྟ་སྐུལ་ཁང་དེ་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།  ཨུ་ཡོན་བཅས་མི་སྣ་གསུམ་ནས་བདུན་གྱིས་གྲུབ་པ་ཞིག་ཡིན།    ལྟ་སྐུལ་ཁང་གི་སྐབས་རེའི་འགན་ཁུར་ཡུན་ལོ་ལྔ་ཡིན།   དགོས་མཁོར་དམིགས་ནས་དུས་ཚོད་སྔོན་བསྣུར་རམ་རྗེས་བསྣུར་བྱས་ཏེ་སྐབས་བརྗེ་འདེམས་བསྐོ་བྱེད་ཆོག་པ་ཡིན།

དོན་ཚན་ཞེ་བཞི།   ལྟ་དཔྱད་ཁང་གི་ལས་འགན།

གཅིག དགོན་ཨུ་ཁང་གི་ལས་འགན་ལག་བསྟར་དང་ཆོས་ལུགས་ལས་ཁུར་མི་སྣའི་སྒྲིག་བརྩི་ཁྲིམས་སྲུང་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ།

གཉིས། དགོན་པའི་སྣ་སོ་སོའི་དོ་དམ་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ།

གསུམ། དགོན་པའི་ལས་དོན་དང་ནོར་དོན་སྤྱི་བསྒྲགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ།

བཞི། དགོན་ཨུ་ཁང་དང་དེའི་ཁོངས་མི་ལ་དམངས་གཙོ་དཔྱད་བསྡུར་དང་ཡིད་ཚིམས་ཚད་ཀྱི་ཚད་ལེན་བྱེད་པ།

ལྔ། ལོ་ཕྱེད་རེར་ཆོས་དད་མང་ཚོགས་དང་ཆོས་ལུགས་ལས་ཁུར་མི་སྣར་ལྟ་སྐུལ་དཔྱད་བསྡུར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་པ།

དོན་ཚན་ཞེ་ལྔ།   ལྟ་དཔྱད་ཁང་གི་ལས་འགན།  

གཅིག  ཁྲིམས་ལུགས་ཁྲིམས་སྲོལ་དང་ཆོས་ལུགས་སྲིད་ཇུས་ལ་སློབ་སྦྱོང་བྱས་ཏེ།   ལྟ་སྐུལ་དཔྱད་བསྡུར་གྱི་ནུས་པ་ཇེ་མཐོར་གཏོང་དགོས།

གཉིས། དགོན་ཨུ་ཁང་གི་ལས་འགན་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་།  ཆོས་དད་མང་ཚོགས་དང་ཆོས་ལུགས་ལས་ཁུར་མི་སྣའི་དགོན་ཨུ་ཁང་གི་བྱ་བར་རམ་འདེགས་བྱེད་པར་ཁྲིད་སྟོན་གནང་དགོས།

གསུམ། ལྟ་སྐུལ་དཔྱད་བསྡུར་གྱི་ལས་འགན་ལག་བསྟར་བྱེད་དགོས་ལ།    དུས་བཅད་ལྟར་ཆོས་དད་མང་ཚོགས་དང་ཆོས་ལུགས་ལས་ཁུར་མི་སྣར་ལྟ་སྐུལ་དཔྱད་བསྡུར་གྱི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱེད་པ་མ་ཟད།    ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས།

བཞི། ཆོས་དད་མང་ཚོགས་དང་ཆོས་ལུགས་ལས་ཁུར་མི་སྣས་དགོན་པའི་ལས་དོན་ལ་བསམ་འཆར་འདོན་པ་དང་གོང་ཞུ་བྱེད་པའི་དབང་ཆར་སྲུང་སྐྱོབ་བྱེད་དགོས།

ལེའུ་དགུ་བ།   བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ཞེ་དྲུག  རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་མི་སྣས་བོད་བརྒྱུད་ནང་བསྟན་ལས་དོན་ཁྲོད་དུ་རང་འགན་སྣང་མེད་འཇོག་པ་དང་།  དབང་ཆ་བག་མེད་དུ་སྤྱོད་པ།    ཉེར་ཕྱོགས་གཡོ་ཟོལ་བྱེད་པ།   ནང་བསྟན་མཐུན་ཚོགས་དང་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་ས།   ཆོས་དད་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་པ་བཟོས་ན།   ཁྲིམས་ལུགས་ལྟར་དུ་སྲིད་འཛིན་ཉེས་ཆད་གཅོད་དགོས་ལ།    ཉེས་པ་བཟོས་ཡོད་ན་ཁྲིམས་ལུགས་ལྟར་དུ་ཉེས་འགན་རྩད་གཅོད་བྱེད་རྒྱུ།

དོན་ཚན་ཞེ་བདུན།   ཆོས་ལུགས་ལས་ཁུར་མི་སྣར་གཤམ་གྱི་བྱ་སྤྱོད་ལས་གཅིག་ཡོད་ནའང་ནག་ཉེས་གྲུབ་མེད་ན།    འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལུགས་ལྟར་དུ་སྲིད་འཛིན་ཆད་པ་གཅོད་དགོས་ལ།    ནག་ཉེས་བཟོས་ཡོད་ན།    ཁྲིམས་ལུགས་ལྟར་དུ་ཉེས་འགན་རྩད་གཅོད་བྱེད་དགོས་པ་དང་།    སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་པར་གྱོང་གུད་ཐེབས་སུ་བཅུག་ཡོད་ན།   ཁྲིམས་ལུགས་ལྟར་དུ་དམངས་དོན་ཉེས་འགན་ཁུར་འཁུར་དུ་འཇུག་དགོས།

གཅིག  ཁྲིམས་འགལ་གྱིས་མཉམ་དུ་འཛོམས་པ་དང་ཁྲོམ་སྐོར་རྩ་འཛུགས་དང་ཇུས་འགོད། ཟུར་ཞུགས་བྱེད་པ།

གཉིས། ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ཕྱི་ཕྱོགས་ཀྱི་རྩ་འཛུགས་ལ་བསྟེན་ནས་བཀོད་འདོམས་བྱེད་པ་དང་།  རྒྱལ་ཁབ་ཁ་བྲལ་བྱེད་པར་དཀྲུག་ཤིང་འཕེན་པའི་བྱ་འགུལ་སྤེལ་བ།

གསུམ། ཕྱི་ཕྱོགས་ཀྱི་ཁ་བྲལ་རྩ་འཛུགས་སམ་ཁ་བྲལ་པ་ལ་འབྲེལ་གཏུག་བྱེད་པ།

བཞི། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་གཞན་དག་ལྡན་པ།

དོན་ཚན་ཞེ་བརྒྱད།   ནང་བསྟན་མཐུན་ཚོགས་དང་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་སར་གཤམ་གྱི་བྱ་སྤྱོད་ལས་གཅིག་ཡོད་ན།   རང་སྐྱོང་ཁུལ་དང་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་དགོས་པ་དང་།   ཁྲིམས་འགལ་ལས་ཐོབ་པའི་རྒྱུ་ནོར་གཞུང་བཞེས་བྱེད་དགོས།

གཅིག  ཆོག་མཆན་མ་ཐོབ་པར་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་རུ་ཚོང་ལས་གཉེར་བ་དང་བརྙན་འཕྲིན་གཏོང་བ།   པར་རྒྱག་པ།

གཉིས། ཆོག་མཆན་མ་ཐོབ་པར་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་རུ་བསྐྱར་བཟོ་དང་ཁང་གསར་ལས་བ།   བཟོ་བཀོད་བསྐྱར་ལས་བྱེད་པ།  

གསུམ། ཆོག་མཆན་མ་ཐོབ་པར་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་རྒྱས་སྐྲུན་བྱེད་པ།

བཞི། ཆོག་མཆན་མ་ཐོབ་པར་ཆོས་ལུགས་ནང་ཁུལ་གྱི་དཔྱད་ཡིག་པར་སྐྲུན་བྱེད་པ།

ལྔ། ཆོག་མཆན་མ་ཐོབ་པར་ཆོས་ལུགས་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ།

དྲུག  ཆོག་མཆན་མ་ཐོབ་པར་ཕྱི་ཡུལ་གྱི་རྩ་འཛུགས་དང་མི་སྒེར་གྱིས་ཕུལ་བའི་དངོས་དང་ལེན་བྱེད་པ།

བདུན། ཆོས་དད་མང་ཚོགས་ལ་ཆ་གསེས་རྒྱག་ཏུ་འཇུག་པའམ་ཐབས་ཤེས་གཞན་ལ་བརྟེན་ནས་ཆ་གསེས་རྒྱག་ཏུ་བཅུག་པའི་རྒྱུ་ནོར་ཡོད་པ།

དོན་ཚན་ཞེ་དགུ། རྩ་འཛུགས་དང་མི་སྒེར་གང་ཡིན་རུང་གཤམ་གྱི་བྱ་སྤྱོད་ལས་གཅིག་ཡོད་ན། རང་སྐྱོང་ཁུལ་དང་རྫོང(རང་སྐྱོང་རྫོང)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་དགོས་པ་དང་།     ཁྲིམས་འགལ་ལས་ཐོབ་པའི་རྒྱུ་ནོར་གཞུང་བཞེས་བྱེད་དགོས།

གཅིག  བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་བར་ཆད་བཟོ་བ་དང་།   ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་ཁུར་མི་སྣའི་རྒྱུན་ལྡན་གྱི་ཆོས་ལུགས་ལས་དོན་ཐད་ཀྱི་བྱེད་སྒོ་སྤེལ་བར་བར་ཆད་བཟོ་བ།

གཉིས། ཆོག་མཆན་མ་ཐོབ་པར་རང་སྐྱོང་ཁུལ་གཞན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་ཁུར་མི་སྣ་རང་ཁུལ་དུ་ཡོང་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའམ་འགོ་འཛིན་བྱེད་པ།

གསུམ། ཆོག་མཆན་མ་ཐོབ་པར་རང་སྐྱོང་ཁུལ་གཞན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་ཁུར་མི་སྣ་མིན་པ་དག་གིས་རང་འགུལ་སྒོས་ཆོས་ལུགས་ཀྱི་བྱེད་སྒོར་འགོ་འཛིན་བྱེད་པ།

བཞི། ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས་ཆོས་སྤེལ་བ་དང་ལེན་བྱེད་པ།

ལྔ། ཆོག་མཆན་མ་ཐོབ་པར་མངའ་ཁོངས་བརྒལ་ནས་རྩ་འཛུགས་བྱེད་པའམ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་འགོ་འཛིན་མཛད་པ།

དྲུག  རང་འགུལ་སྒོས་བླ་མའི་སྤྲུལ་སྐུ་ངོས་འཛིན་དང་ཐུགས་ཐག་གཅོད་པ།

དོན་ཚན་ལྔ་བཅུ། སྲོལ་ཡིག་འདིར་མ་འདུས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག་ཡོད་ན།   ཁྲིམས་ལུགས་ཁྲིམས་སྲོལ་གྱི་ཉེས་ཆད་གཅོད་པའི་གཏན་འཁེལ་གཞིར་བཟུང་སྟེ་ཆད་པ་གཅོད་དགོས།

དོན་ཚན་ང་གཅིག དོ་བདག་པས་བྱེ་བྲག་གི་སྲིད་འཛིན་བྱ་སྤྱོད་ཁས་ལེན་བྱེད་མི་འདོད་ན།     《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཞུ་གཏུག་བཅའ་ཁྲིམས》ལྟར་དུ་ཡར་ཞུ་བྱས་ནས་བསྐྱར་གྲོས་བྱེད་པའམ་ཞུ་གཏུག་བྱས་ཆོག་པ་ཡིན།

ལེའུ་བཅུ་བ།    ཞར་བྱུང་།

དོན་ཚན་ང་གཉིས། སྲོལ་ཡིག་འདི་བཀོལ་བའི་ཁྲོད་དུ་བྱེ་བྲག་གི་གནད་དོན་ལ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་གསལ་བཤད་བྱེད་པའི་འགན་ཁུར་དགོས།

དོན་ཚན་ང་གསུམ།    སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།


མཉམ་སྤྱོད།