དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གསུམ། སྲོག་ཆགས་ཀྱི་སྐོར།

2022-11-17 13:26:15   |   875

ལྟས་ངན་མགོ་གསུམ།

ཅི་ཁེད།   ལན་ནི་རྔ་མོང་།

རྫ་མ་ནག་རིལ་བྱུ་རུའི་མཆུ་ཏོ་ཅན།

ཅི་ཁེད།   ལན་ནི་སྐྱུང་ཀ།

གཡག་སྤུ་མེད་རི་ཐུར་རིང་བོ་ཅན།

ཅི་ཁེད།   ལན་ནི་འབུ་ནག

ཆུ་ཁའི་གཡག་རྒན་ཁ་ཆེ།

ཅི་ཁེད།   ལན་ནི་སྦལ་བ།

དུས་བཞིའི་དབྱར་སྟོན་བཙལ་མཁན་མ།

ཅི་ཁེད།   ལན་ནི་སྦྲང་མ།

རྟ་སྒ་མ་བསྟད་རང་འགྲུབ་ཅན།

ཅི་ཁེད།   ལན་ནི་རྔ་མོང་།

དྲེད་མོང་ནགས་ལ་སོང་ཡང་སྒྲ་མི་གྲག

ཅི་ཁེད།   ལན་ནི་མགོ་ཡི་ཤིག

དགུང་མོ་འཕུར་གི་གཅེར་བུ་མ།

ཅི་ཁེད།   ལན་ནི་ཕ་ཝང་།

ཉིན་ཁའི་རྟ་ལྕག་ལེན་དཀའ།

ཅི་ཁེད།   ལན་ནི་སྦྲུལ།

ཕུ་ནས་རྒྱལ་བོས་ཆང་དཀར་བཙགས། མདོ་ནས་བློན་པོས་དར་དཀར་ཕྱར།

ཅི་ཁེད།   ལན་ནི་ལུ་གུས་ནུ་མ་ནུ་སྐབས་རྔ་མ་གཡུག་པ།

སྲིབ་ཀྱི་རྟ་ཕོར་ཞོན་མི་ཐུབ། ཉིན་གྱི་ཐག་ཁྲ་ལེན་མི་ཐུབ།

ཅི་ཁེད།   ལན་ནི་སྟག་དང་སྦྲུལ།

གོན་མ་ཤེས་ར་སློག་ཕྱིར་ལ་སློག། འདོགས་མ་ཤེས་བྱུ་རུ་སྣ་མགོར་བཏགས།

ཅི་ཁེད།   ལན་ནི་འབུ་ཐུལ་བ།

མིག་གཉིས་ཉི་ཟླ་འདྲ་བས་ཁྲ་གོར་རེ། འགྲོ་བ་རྐང་ཐང་འདྲ་བས་དབུགས་ཐུལ་ལེ།

ཅི་ཁེད།   ལན་ནི་སྦལ་བ།

མགར་བས་མགར་ལྕགས་ཁུར་ཏེ་བྲག་ལ་སོང་། སྨན་པས་སྨན་ཁུག་ཁུར་ཏེ་ནགས་ལ་སོང་།

ཅི་ཁེད།   ལན་ནི་ཤྭ་དང་གླ།

རི་མགོའི་ཆ་མ་འབུད་མི་ཐུབ། རི་སྐེད་ཐག་པ་བཀྲོལ་མི་ཐུབ།

ཅི་ཁེད།   ལན་ནི་ཤྭ་དང་སྦྲུལ།

ནག་པོ་སྟོང་གི་ནང་ན། གི་གུ་གཡས་འཁྱིལ་ཞིག།

ཅི་ཁེད།   ལན་ནི་རིལ་སྤུངས་ནང་དུ་ཉལ་བའི་ཁྱི།

སྟོད་ནས་རྒྱལ་པོས་ཆང་དཀར་བཞེས་ན། སྨད་ནས་སྤྲང་པོས་ལག་གཡུག་བྱེད།

ཅི་ཁེད།   ལན་ནི་ལུ་གུས་ནུ་མ་ནུ་བ།

ཁབ་ཀྱིས་མ་བཟོས་འབ་ཀྱིས་མ་མནན། ལྷན་པོ་དཀར་རིལ་ཅི་ཁེད།

ཅི་ཁེད། ལན་ནི་ནོར་གྱི་ཐོད་པའི་དཀར་ཐིག

སྟོད་ནས་ལྕགས་སྐད་ལྷང་ལྷང་། སྨད་ནས་ལྕང་ལོ་ལྡེམ་ལྡེམ།

ཅི་ཁེད། ལན་ནི་ཁྱི་ཟུག་པ།

ཚེས་གསུམ་གྱི་ཚེས་རིས་ཐོད་ལ་བཟུང་། བཅོ་ལྔའི་དུང་ཟླ་འཕོངས་ལ་བཟུང་།

ཅི་ཁེད།   ལན་ནི་རི་དྭགས་རྒོ་དམར།

ནག་པོ་ཁྲི་མ་འབུམ་གི་སྟེང་ན། གི་གུ་ར་འཁྱིལ་ཞིག།

ཅི་ཁེད།   ལན་ནི་རིལ་མའི་སྟེང་ནས་ཁྱི་ཉལ་བ།

དགུང་ཨ་སྔོན་རྡུལ་ནག་ཤུ་རུ་རུ། ས་དོག་མོ་རྟ་མཆོག་གྱོ་རོ་རོ།

ཅི་ཁེད།   ལན་ནི་རི་བོང་གླག་གིས་བཟུང་བ།

འཐག་པས་འཐག་ཁྲི་ཁུར་ནས་སྤང་ལ་སོང་། སྨན་པས་སྨན་ཁུག་ཁུར་ནས་བྲག་ལ་སོང་།

ཅི་ཁེད།   ལན་ནི་ཤྭ་བ་དང་གླ་བ།

ནམ་ཚོད་འཛིན་པའི་ལྷ། ཐང་མ་བརྡལ་བའི་འདྲེ།

ཅི་ཁེད།   ལན་ནི་བྱ་ཕོ།

ནམ་མཁའི་ལྷ་མོ་གླུ་ལེན་མ། ས་ཡི་མེ་ཏོག་བཅུད་ལེན་མ།

ཅི་ཁེད།   ལན་ནི་སྦྲང་མ།

རྐང་ལག་མེད་པའི་གོམ་ལག་ཅན། དིང་རུ་མེད་པའི་གཤོག་པ་ཅན།

ཅི་ཁེད།   ལན་ནི་ཉ།

དཀྱིལ་འཁོར་བར་སྣང་ཁམས་ན་ཡོད། ལྷ་བཟོ་དཀྱིལ་འཁོར་དབུས་ན་ཡོད།

ཅི་ཁེད།   ལན་ནི་སྡོམ།

ཀླུ་ཡི་བུ་མོ་སྐད་སྙན་མ། སེམས་ཅན་རྣམས་ལ་ཁ་གཡང་སྒྲོག།

ཅི་ཁེད།   ལན་ནི་ཁུ་བྱུག

སྐྱེས་དུས་རྔ་མ་ཡོད་ཀྱང་རྐང་པ་མེད། རྒས་དུས་རྐང་པ་ཡོད་ཀྱང་རྔ་མ་མེད།

ཅི་ཁེད།   ལན་ནི་སྦལ་བ།

ཁ་བཏགས་དཀར་པོའི་ཁ་དཀྲི་ཅན། ཁུ་ལིང་ནག་པོའི་རྣ་ཙོར་ཅན།

ཅི་ཁེད།   ལན་ནི་བྱ་ཝང་།

རྒྱུ་མེད་ཀྱང་གོན་པ་དཀར་པོ་གོན། སྟོབས་མེད་ཀྱང་རང་སྲོག་རང་གིས་གཅོད།

ཅི་ཁེད།   ལན་ནི་འབུ་མེ་ལྕེབས།

སྒྲོལ་མ་འདོན་པའི་སེམས་བཟང་བོ། ཙིག་རྐུན་འཛིན་པའི་བདུད་རྒན་པོ།

ཅི་ཁེད།   ལན་ནི་བྱི་ལ།

ཉིན་ཉལ་མ་མཚན་འགྲོ་མ། རྔ་མའི་མགོ་ལ་སྐར་མ་བཏགས།

ཅི་ཁེད།   ལན་ནི་སྲིན་འབུ་མེ་ཁྱེར།

འབྲོང་མིན་པའི་རྭ་ཁ་ཅན་པོ། སྟག་མིན་པའི་ཐིག་ལེ་ཅན་པོ།

ཅི་ཁེད།   ལན་ནི་སྦྲང་མ།

མ་བསམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ན། གསེར་མིག་ཁྲ་བོའི་ངར་སྐད་ལྡིར་རི་རི།

ཅི་ཁེད།   ལན་ནི་འུག་པ།

ལྭ་ནག་གྱོན་པའི་བྱ་ཞིག་ལ། རིག་རིག་ཚང་མས་ཐན་ལྟས་འབོད།

ཅི་ཁེད།   ལན་ནི་ཁྭ་ཏ།

ཨ་གར་ཐང་གི་ཐང་དཀྱིལ་ན། མུ་ཏིག་སྲན་མ་དགུ་འཁྱིལ་ཡོད།

ཅི་ཁེད།   ལན་ནི་སྦྲུལ།

ཙོག་ནས་བསྡད་ན་མི་འདྲ་འདྲ། གོག་ནས་སོང་ན་ཁྱི་འདྲ་འདྲ།

ཅི་ཁེད།   ལན་ནི་སྤྲེལ།

ཟ་ལ་དགའ་གཉིད་ལ་དགའ། ལྕགས་ཀྱི་མཆུ་ཏོ་གླང་ཆེན་རྣ།

ཅི་ཁེད།   ལན་ནི་ཕག།

ཁབ་ཀྱིས་མ་བཟོས། འབ་ཀྱིས་མ་མནན། འབོལ་ཐུལ་སྐྱ་རིལ།

ཅི་ཁེད།   ལན་ནི་རྨིག་པ།

བྲག་མགོ་ན་འདྲེ་ར་མ་འདྲ་འདྲ་ཞིག། བྲག་སྐེད་ན་གཡུ་ཕུར་རྡེབ་འདྲ་འདྲ་ཞིག། བྲག་རྩ་ན་དུག་ལག་ངར་འདྲ་འདྲ་ཞིག།

ཅི་ཁེད།   ལན་ནི་རི་དྭགས།  གླ་བ། ཕུག་རོན།    སྦྲུལ།

སྐེ་ན་འཇའ་འཆང་གུར་ཞིག། རྒྱབ་ན་གཤིན་རྗེའི་ཁྲབ་ཅིག། རྐང་ན་བུ་ལའི་ལྷམ་ཞིག།

ཅི་ཁེད།  ལན་ནི་ཕུག་རོན།

འཐག་པས་ཐགས་ཤིང་ཁུར་ནས་སྒང་ལ་སོང་། སྨན་པས་སྨན་ཁུག་ཁུར་ནས་ནགས་ལ་སོང་། རྒྱ་རིལ་མགོ་ལེབ་ཐུར་ལ་སོང་།

ཅི་ཁེད།   ལན་ནི་ཤྭ་དང་གླ་དང་འཕྱི་བ།

དགུང་སྔོན་གནམ་ལ་སོང་ན་ཐང་དཀར་རྒོད་ཀྱི་དོ་ཟླ། རྒྱ་རྫོང་ནགས་ལ་སོང་ན་དམར་ཡག་སྟག་གི་དོ་ཟླ། ས་གཞིའི་སྟེང་ལ་ཡོང་ན་དོམ་ནག་ཁྲག་གི་དོ་ཟླ།

ཅི་ཁེད།   ལན་ནི་འབུ་ཤ་རིང་ཡང་ཟེར།

ཙོག་གེ་ཙོག་གེ་འགྲོ་ནི་མ། ཙོག་སེ་ཐང་ནས་བཙོག་ནི་མ། འགྲོ་དུས་རྡུལ་ཞིག་སློང་ནི་མ།

ཅི་ཁེད།   ལན་ནི་རི་བོང་།

ཙ་ར་ཙི་རེ་ཙི་ཁོ་རྒྱལ། རྐེད་པ་ཡག་ག་རྡོ་རྗེ་རྒྱལ། རྔ་མ་ཡག་ག་ཕྱུག་ལོ་རྒྱལ།

ཅི་ཁེད།   ལན་ནི་རྨིགས་པའམ་ས་རྨྱིགས།

ཐིག་གུ་ཁྲ་ཁྲ་རིལ་དཀའ། ཚང་ར་རློན་པ་འདྲ་དཀའ། ཨུ་ཆོག་སྐམ་པོ་གཅོད་དཀའ།

ཅི་ཁེད།  ལན་ནི་སྦྲུལ་དང་སྦལ་བ། ཤ་རྭ།

ཨ་གར་ཐང་གི་ཐང་དཀྱིལ་ན། དཀར་ནག་ཐག་ཁྲ་འདོམ་པ་གང་། མཐོང་ནི་མང་ཡང་ལེན་ནི་དཀོན།

ཅི་ཁེད།   ལན་ནི་སྦྲུལ།

སྟག་མིན་པའི་ཐིག་ལེ་ཅན། འབྲོང་མིན་པའི་རྭ་ཁ་ཅན། བྱ་མིན་པའི་འཕུར་རྩལ་ཅན།

ཅི་ཁེད།   ལན་ནི་སྦྲང་མ།

རྣ་འབྱོག་རླུང་གཡབ་ཅན། རྔ་མ་ཙི་གུ་ཅན། གཏི་མིག་གཉིད་དགའ་ཅན།

ཅི་ཁེད།   ལན་ནི་ཕག

ལྭ་ནག་གྱོན་པའི་བཟོ་བ་ཞིག། དགུན་ཁེ་གྲི་བཟུང་ནས་ལྷོ་རུ་འགྲོ། དཔྱིད་ཐོན་ན་བཟོ་བ་ཕྱིར་ལ་ཡོང་།

ཅི་ཁེད།   ལན་ནི་ཁ་ལ་ཡུག

སྙིང་སྡུག་བོད་ཡུལ་བུ་མོ་ནག་རིལ་མ། སྟོན་ཁ་གཞན་ཡུལ་འགྲིམ་པའི་སྙིང་སྡུག་མ། དབྱར་ཁ་རང་ཡུལ་ལོག་པའི་སྐད་ཡག་མ།

ཅི་ཁེད།   ལན་ནི་ཁུ་བྱུག།

ཕར་འཁོར་སྟག་འདྲ་བ། ཚུར་འཁོར་གཟིག་འདྲ་བ། དར་ཚོན་ཤིང་ལོ་འདྲ་བ།

ཅི་ཁེད།   ལན་ནི་བྱ་པུ་ཤུད།

སྐྱེ་དུས་ཕ་དང་མི་འདྲ་མཚར་བོ་ཆེ། དར་དུས་མ་དང་མི་འདྲ་སྟོབས་པོ་ཆེ། སུག་བཞིའི་ནང་ནས་སྐྱེ་ཡག་སྙིང་རྗེ་བོ། རིགས་རྒྱུད་མི་འཛིན་རབ་ཏུ་བྱུང་བ་འདྲ།

ཅི་ཁེད།   ལན་ནི་མཛོ།

གོས་དཀར་གྱོན་པའི་མནའ་མ་སྐེ་རིང་མ། ལྷམ་དམར་གྱོན་པའི་མནའ་མ་སུག་ཐུང་མ། འགྲོ་རྒྱུ་མེད་པའི་མནའ་མ་གཡོ་རྐྱལ་མ། བཤད་རྒྱུ་མང་བའི་མནའ་མ་ཁ་ལེབ་མ།

ཅི་ཁེད།   ལན་ནི་བྱ་གག་པ།

མགོ་ན་རྒྱལ་བ་རིགས་ལྔ་ཡོད། སྐེ་ན་བྱུ་རུའི་ཐོབ་ཆ་ཡོད། མཇུག་ན་སྒྲོ་ཡི་ལབ་ཙེ་ཡོད། རྐང་ན་བུ་ལའི་ལྷམ་ཞིག་ཡོད།

ཅི་ཁེད།   ལན་ནི་བྱ་ཕོ།

རྒྱ་རྫོང་ནགས་ལ་མི་ཐོགས། རྒྱ་སྟག་དར་མའི་དོ་ཟླ། ཤ་དང་ཁྲག་ལ་དགའ་བ། རི་སྤྱང་སྔོན་མོའི་དོ་ཟླ། སྐད་ཅིག་ཉིད་ལ་ཐོན་པ། འདབ་ཆགས་བྱ་ཡི་དོ་ཟླ།

ཅི་ཁེད།   ལན་ནི་ཤ་སྦྲང་།

ལྟོ་འདུན་ཆེ་བས་ཅི་ཡང་ཟ། ཕོ་བ་རྒྱགས་ན་གཉིད་ལ་དགའ། ཉིན་མཚན་དབྱེ་བ་དེ་ལ་མེད། འགྲོ་དུས་ཆང་འཐུང་རྒད་པོ་འདྲ།

ཅི་ཁེད།   ལན་ནི་ཕག

མི་གཙང་ལས་ངན་གཤོག་ཐོགས་ཅན། བཟང་ཕྱོགས་མི་བསྒྲུབ་ངན་ཕྱོགས་སྒྲུབ། གཞན་ཁྲག་འཇུབ་ནས་རང་ལུས་གསོ། ངན་རེ་བསྒྲུབས་རྗེས་གླུ་རེ་ལེན།

ཅི་ཁེད།   ལན་ནི་ཨ་ང་ཙི།

རྭ་ཁ་ཡག་ལ་རྭ་བར་དོག། ཚེས་གསུམ་ཚེས་རིས་ཐོད་ལ་བཟུང་། གྲ་ཁ་ཡག་ལ་གྲ་རྫོང་མཐུག། བཅོ་ལྔའི་ལྷ་ཟླ་འཕོངས་ལ་བཟུང་།

ཅི་ཁེད།   ལན་ནི་རི་དྭགས་དགོ་བ།

སྟག་མ་ཡིན་ཐིག་ལེ་སེར་པོ་ཅན། འབྲོང་མ་ཡིན་རུ་ཐུར་ནག་པོ་ཅན། བྱ་མ་ཡིན་དགུང་ལ་འཕུར་མཁས་མ། ཨ་བྲ་མ་ཡིན་ཁུང་ལ་འཛུལ་མཁས་མ།

ཅི་ཁེད།   ལན་ནི་སྦྲང་མ།

འཛའ་མེད་ཅིག་ལ་འཛོམས་རེ་ལྟོས། སྟག་གི་ཐིག་ལེ་རྒྱབ་ན་ཡོད། དཔའ་བོའི་མདའ་མདུང་གཞུག་ན་ཡོད། ཤྭ་ཡི་ར་ལག་རྐང་ན་ཡོད།

ཅི་ཁེད།   ལན་ནི་སྦྲང་མ།

སྟག་མིན་པའི་ཐིག་ལེ་ཅན། འབྲོང་མིན་པའི་རི་ཐུར་ཅན། བྱ་མིན་པའི་གཤོག་པ་ཅན། བྲ་མིན་པའི་ཁུང་འཛུལ་ཅན། ཨ་མཆོད་མིན་པའི་ཁ་འདོན་ཅན།

ཅི་ཁེད།   ལན་ནི་སྦྲང་མ།

ཨང་གི་མཐོ། ཨང་གི་དམའ། ཁྲུང་ཁྲུང་སྐེ། ཆོ་རིལ་མིག སྒྱོ་རིས་ཞབས།

ཅི་ཁེད།   ལན་ནི་རྔ་མོང་།

ཁང་བ་སྐྱ་རིལ་ཟིག་གི་སྒོ་ལམ་ན། རྒྱ་རྒན་མཆུ་ནག་ཟིག་སྒོར་བུད་ནས། མྱེ་རི་སྣེ་ནག་ཟིག་ལག་ལ་བཟུང་ནས། ཐང་ལ་བརྒྱབ་ནས不知道ར不知道ཟེར་གི།

ཅི་ཁེད།  ལན་ནི་འཕྱི་བ།

དཀར་བོ་དུང་གི་ལཉྫ།  སྐེ་བུམ་མཆུའི་ལཉྫ། དམར་པོ་མཚལ་གྱི་ལཉྫ། རྔ་མ་ཀུ་ཤའི་ལཉྫ།

ཅི་ཁེད།   ལན་ནི་ཁྲུང་ཁྲུང་།

སྤྲང་བོ་ཁ་ནག་ཞིག་གིས། དབྱུག་པ་སྣེ་ནག་གཉིས་བཟུང་སྟེ། ངེད་ཚང་ལ་མ་ཡོང་། ངེད་ཚང་ལ་མ་ཡོང་ཟེར།

ཅི་ཁེད།   ལན་ནི་འཕྱི་བ་ཁུང་སྒོ་ནས་འགྲེང་སྟེ་གྲག་པ།

ཨ་ཅེ་དཀར་མོ་སྔོན་མོ་ཆུ་ལ་བརྒལ། གཙང་བོའི་དཀྱིལ་ནས་ལན་ཆགས་བུ་ཞིག་སྐྱེས། བུ་ཡི་ཁ་མདོག་མ་དང་མ་འདྲ་བས། མ་རུང་ཐན་ལྟས་ཟེར་ནས་ཁུར་དུ་བཅུག།

ཅི་ཁེད།   ལན་ནི་ལུག་གིས་ཆུ་ནང་དུ་རིལ་མ་བཏང་བ།

དགོང་སྔོན་གནམ་ནས་ཡོང་དུས་མིང་ལ་བསེར་བུ་རླུང་ཟེར། བར་སྣང་ཁམས་ནས་ཡོང་དུས་མིང་ལ་བན་དེ་མགོ་དམར་ཟེར། དོག་མོ་ས་ལ་ཐོན་དུས་མིང་ལ་གཏེ་བོ་ངན་པ་ཟེར།

ཅི་ཁེད།   ལན་ནི་གཏེ་ཁེ།

དཀར་རིལ་མ་བུད་ཐལ། ནག་རིལ་མ་ཁུར་ཐལ།

ཅི་ཁེད།   ལན་ནི་ལུག་གིས་ཆུ་ནང་དུ་རིལ་མ་བཏང་བ།


སྐབས་སྔོན་མ། གཉིས། ལུས་ཕུང་གི་སྐོར།
སྐབས་རྗེས་མ། བཞི། སྐྱེ་དངོས་ཀྱི་སྐོར།
མཉམ་སྤྱོད།