དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བདུན། བྱ་བྱེད་ཀྱི་སྐོར།

2022-11-17 13:32:43   |   865

ལྕགས་ཀྱི་སྐས་མེད་ན་ཤིང་གི་ཉག་ལམ་མི་བུད།

ཅི་ཁེད།   ལན་ནི་རྟར་ཞོན་པ།

ཕ་སྒུར་རུས་བུ་ཚོང་ལ་མངགས།

ཅི་ཁེད།    ལན་ནི་མདའ་འཕང་བ།

རྟ་ར་ར་ཁེབ་མ་སེར་པོ་ཅན།

ཅི་ཁེད།  ལན་ནི་ཞོ།

རིང་པོ་རིང་པོ་རིག་རྒྱུ་མེད།

ཅི་ཁེད།   ལན་ནི་ཀི་བཏབ་པ།

འུ་བཞི་བོར་ཅི་ཞིག་གི་ཁྱད་པར་ཡོད།

ཅི་ཁེད།   ལན་ནི་ལུག་བཤའ་བ།

ཁྱིམ་དུད་གཉིས་ལ་མེ་གཡོག་གཅིག།

ཅི་ཁེད།   ལན་ནི་ལྕེ་ཡིས་སྣ་ཁུང་ལྡག་པ།

རྟ་མ་རྒྱུག་ལུང་བ་རྗེས་ཡིས་བཀང་།

ཅི་ཁེད།   ལན་ནི་ལ་ཕུག་བལ་ཤུལ།

བ་མོའི་རྔ་མར་འཇུས་འཇུས་མེད་པར་ཆུ་ལ་ལྡིང་།

ཅི་ཁེད།   ལན་ནི་ཐོམ་བུས་ཆུ་བཅུས་པ།

མི་བཅུས་མི་ལྔ་བཙོན་ལ་བཅུག།

ཅི་ཁེད།   ལན་ནི་ལྷམ་གོན་པ།

མདའ་མ་འཕང་སྡོང་རྩ་མདེའུ་ཡིས་བཀང་།

ཅི་ཁེད།   ལན་ནི་སྡོང་བོའི་ལོ་མ་སར་ལྷུང་བ།

ལག་མེད་མ་ཡིས་དོང་བརྐོ།

ཅི་ཁེད།   ལན་ནི་ཆུ་ཐིགས་ཀྱིས་ས་བརྐོས་པ། 

རྩེག་གཅིག་རྩེག་གཉིས་རྩེག་གི་རིལ་བུ་ཁྲི་མ་འབུམ།

ཅི་ཁེད།   ལན་ནི་ཐགས་འཐག་པ།

སོང་སོང་ནས་སྣ་ཕྲལ།

ཅི་ཁེད།   ལན་ནི་ཕུ་རུང་གོན་པ།

ག་ར་མ་གུག་རུ་མ།

དམར་ལུ་མ་འགྲོ་མཁན་མ།

ཅི་ཁེད།  ལན་ནི་ཁྲག་ལྡུག་པ།

ཨ་ནེ་མགོ་གཟེངས་མ་རྟ་རྒྱུགས།

མ་སེམས་ཅན་ཐམས་ཅད་དེར་བགད།

ཅི་ཁེད།   ལན་ནི་ནས་རྔོ་བ། 

ཕུག་རོན་སྔོན་མོ་ཚང་ལ་འཛུལ།

རྔ་སྒྲོ་ལེབ་མོ་ཕྱི་ན་ཡོད།

ཅི་ཁེད།   ལན་ནི་གྲི་ཤུབས་སུ་བཅུག་པ།

འབྲུག་མ་གྲགས་འབྲུག་སྒྲ་ལྡིར་རི་རི།

ཁངས་མ་བབས་ཁངས་སྐྱ་ལྷབ་ལྷབ་ལྷབ།

ཅི་ཁེད།   ལན་ནི་ལག་སྐོར་རྩམ་པ་འཐག་པ།


ལྕགས་ལུང་ར་བའི་ཁུགས་སོ་ནས།

ཁྲི་ལུག་འབའ་སྒྲ་དི་རི་རི།

ཅི་ཁེད།   ལན་ནི་ནས་རྔོ་བ།

ངས་བཟའ་ཤེས་ལ་གཏོང་མི་ཤེས།

གཏོང་རོགས་ལ་མི་ཞིག་དགོས།

ཅི་ཁེད།   ལན་ནི་ཐལ་འདྲུ་བ།

ཨ་ཁུ་ཚང་གི་མཚེར་ཤུལ་ནས།

རྟ་སྔོ་རྒྱས་སྲབ་མདའ་དྲུད་དེ་སོང་།

ཅི་ཁེད།   ལན་ནི་ཁབ་སྐུད།

སྔོན་པོ་གཡུ་ཡི་མཚོ་ནང་ན།

དཀར་པོ་དུང་གི་ཟླ་བ་ཚེས།

ཅི་ཁེད།   ལན་ནི་མར་ལོ་ཆུ་ནང་ལ་འཕང་བ།

ལུང་པ་ཞིག་གི་ནང་ནས་ཡོང་།

ལུང་མདོར་བུད་ནས་ཀི་ཞིག་བཏབ།

ཅི་ཁེད།    ལན་ནི་གཡག་བཏང་བ།

བུ་ཆུང་དཀར་རིལ་འགྲུལ་བར་ཡོང་།

མི་ལྔ་སྔོན་ལ་བསུ་རུ་ཡོང་།

ཅི་ཁེད། ལན་ནི་སྣབས་ཕྱིས་པ།

ཁྱི་མོ་དམར་མོས་རྔ་མ་གཡུག།

གཡུ་ཡི་བྱེའུ་ཆུང་ཐང་ལ་འཕངས།

ཅི་ཁེད།   ལན་ནི་མཆིལ་མ་འཕེན་པ།

མཚོ་ཆུང་དམར་བོའི་ཁ་ལ།

ངང་བ་སེར་བོ་རྐྱལ་ཐལ།

ཅི་ཁེད།   ལན་ནི་ཇ་ཁར་མར་འཕངས་པ།

གནམ་ན་ཨ་ལོང་གོ་རོ་རོ།

ཐང་ན་འབུ་ནག་ཐ་ར་ར།

ཅི་ཁེད།   ལན་ནི་ཞགས་པ་བཏབ་པ།

ཕུར་བུ་ཐང་ན་ཡོད།

ཕུར་ཁུང་གནམ་ན་ཡོད།

ཅི་ཁེད།   ལན་ནི་སྐྱག་པ་བཏང་བ།

ཕ་ལྕེབས་ཐལ།

བུ་ལྡོམ་ཐལ།

ཅི་ཁེད།   ལན་ནི་ཟྭ་བརྒྱབ་ནས་ལྡེ་མིག་ཁྱེར་བ།

བེའུ་ནག་པོ་ཞིག་ལ།

བ་དམར་བོས་ལྕེ་ལྡག་བྱེད་ཀི།

ཅི་ཁེད།   ལན་ནི་སླ་ངའི་འོག་ལ་མེ་སྦར་བ།

འབྲོག་པའི་རྫ་ལུང་རི་ལུང་ན།

གཡག་རྒན་མི་འགུལ་སོག་པ་འགུལ།

ཅི་ཁེད།   ལན་ནི་སྦྲའི་ཁ་ཚུབ་རླུང་གིས་སྐྱོད་པ།

དམར་པོ་ཁ་གང་།

སྔོན་མོ་འདོམ་གང་།

ཅི་ཁེད།   ལན་ནི་མེ་འབར་ནས་དུ་བ་འཕྱུར་བ།

ཐག་རིང་མགྲོན་པོ་ཐོན་ཐལ།

གུར་ཆུང་ཁྲ་རུ་ཤོར་ཐལ།

ཅི་ཁེད།   ལན་ནི་རྙི་ཡིས་བཟུང་བ།

དཀར་རིས་མ་ཕ་ཁར་བུད།

ནག་རིལ་མ་ཆུ་ཡིས་ཁུར།

ཅི་ཁེད།   ལན་ནི་ལུག་གིས་ཆུ་ནང་དུ་རིལ་མ་བཏང་བ།

སྐྱ་ཀ་ཁྲ་མོ་ཁུང་ལ་འཛུལ།

རྔ་སྒྲོ་ལེབ་མོས་ཁུང་སྒོ་བཅད།

ཅི་ཁེད།   ལན་ནི་མིག་རྡེབ་པ།

ཁྱོད་ཕར་ལ་སོང་།

ང་ཤུལ་ལ་འོང་།

ཅི་ཁེད།   ལན་ནི་ཟོག་གི་སུག་རྗེས་སྔོན་མར་སུག་རྗེས་རྗེས་མ་སྤོས་པ།

ཁུ་བྱུག་སྔོན་མོ་ཁུང་ལ་འཛུལ།

རྔ་སྒྲོ་ལེབ་མོ་ཕྱི་ལ་བུད།

ཅི་ཁེད།   ལན་ནི་གྲི་ཁྲ་གྲི་ཤུབས་ལ་བཅུག་པ།

ཁྲ་མོ་དམག་གི་དཀྱིལ་ཁུགས་ནས།

མགོན་པོ་ནག་པོ་གནམ་ལ་ལྡིང་།

ཅི་ཁེད།   ལན་ནི་ཡོས་བརྔོ་བ།

ཁུ་ལིང་དམར་བོའི་རྣ་ཙོར་ཅན།

རི་ཁ་ཉུལ་གི་རྗེས་ནག་མ།

ཅི་ཁེད།   ལན་ནི་རི་མེ་ལ་ཤོར་བ།

སྒོ་ཆེན་ཕྱེ་ན་གྲག་རྒྱུ་མང་།

སྒོ་ཆེན་བརྒྱབ་ན་གྲག་རྒྱུ་མེད།

ཅི་ཁེད།   ལན་ནི་སྐད་ཆ་བཤད་པ།

གོས་སྔོན་དཔུང་གི་སྔོན་མ་བྱས།

གོས་དམར་དཔུང་གི་རྗེས་མ་བྱས།

ཅི་ཁེད།   ལན་ནི་མེ་སྦར་བ།

རྒྱལ་ཆེན་བཞི་བོ་ཁྲི་ལ་བཞུགས།

ཕྱོགས་སྐྱོང་བཅུ་བོ་འཚམས་འདྲིར་སོང་།

ཅི་ཁེད།   ལན་ནི་འབྲི་མོ་བཞོ་བ།

གོ་ཁའི་བུ་མོ་གོ་རྒས་མ།

རེ་རེ་འཕག་ན་ཇེ་ཆེར་འགྲོ།

ཅི་ཁེད།   ལན་ནི་སྐུད་པ་འཁེལ་བ།

རྒྱ་སྔོ་རིས་ཕར་འགྲོ་ཚུར་འགྲོ།

ལམ་སྐྱ་མོ་ཕར་འཐེན་ཚུར་འཐེན།

ཅི་ཁེད།   ལན་ནི་ཚེམས་བཟོ་བྱས་པ།

མགོ་ཡི་རལ་བ་སར་བཙུགས་ན།

རྣམ་ཤེས་རིལ་བུ་དགུང་ལ་འཆོར།

ཅི་ཁེད།   ལན་ནི་བོའུ་བརྒྱབ་པ།

སྔགས་རྒན་རལ་བ་ཟིང་སེ་སོང་།

ཡོན་བདག་ཐང་ལ་ལྟིག་སེ་ལྷུང་།

ཅི་ཁེད།   ལན་ནི་ནོར་གྱིས་ལྕི་བ་བཏང་བ།

ལྕགས་ཀྱི་ལུང་བ་མེ་ཤོར།

ཨོ་རྒྱན་པད་མའི་རྟ་འདྲོགས།

ཅི་ཁེད།   ལན་ནི་བོའུ་བརྒྱབ་པ།

ཕུ་ནས་རྒྱལ་པོས་ཆང་དཀར་བཙག།

མདོ་ནས་བློན་པོས་དར་དཀར་ཕྱར།

ཅི་ཁེད།   ལན་ནི་ལུ་གུས་རྔ་མ་གཡུག་བཞིན་ནུ་མ་ནུ་བ།

དམག་དཔོན་སྔོ་ལེབ་ཅིག་གིས།

དམག་མི་སྟོང་ཕྲག་འདེད་ཀི།

ཅི་ཁེད།   ལན་ནི་སྐྲ་གྲིས་སྐྲ་བཞར་བ།

ལུང་བ་ནས་ལུང་བ་བརྒྱུད།

ལོང་མདོ་ནས་ཀི་ཞིག་འདེབས།

ཅི་ཁེད།   ལན་ནི་རྟུག་དྲི་བཏང་བ།

རི་གསུམ་མགོ་ན་མཚོ་མོ་ཞིག།

ཐམས་ཅད་འདུས་ནས་དེ་ལ་བལྟས།

ཅི་ཁེད།   ལན་ནི་ཐབ་རྡོ་བཙུགས་ནས་ཇ་བསྐོལ་བ།

རུས་པའི་ལྭ་བྱེ་མའི་རྫས།

རླུང་འཚུབ་ཞིག་གིས་ཁུར་ཐལ།

ཅི་ཁེད།   ལན་ནི་སྣ་ཐ་འཐེན་པ།

ཨ་ཅེ་བུ་མོ་དཀར་ཡག་མ།

འོ་རེ་བྱས་ན་འུར་རེ་རྒྱག།

ཅི་ཁེད།   ལན་ནི་དུང་དཀར་བུས་པ།

ཨ་ཁུ་སུམ་ཅུ་ནད་ཀྱིས་བཟུང་།

མི་རྐྱང་སྨན་པ་ལེན་དུ་ཡོང་།

ཅི་ཁེད།   ལན་ནི་སོ་བར་བསལ་བ།

གོའུ་ཁུང་གཉིས།

མེ་འདྲུད་གཅིག།

ཅི་ཁེད།   ལན་ནི་ནོར་གྱིས་སྣ་ཁུང་ལྡག་པ།

ཏིང་འཛིན་རྒྱ་མ་མིག་རྡེབ་མ།

མིག་རེ་རྡེབ་ན་མགུར་རེ་གསུང་།

ཅི་ཁེད།   ལན་ནི་རྒྱ་གླིང་བུས་པ།

མི་ལྔ་ཇག་ལ་སོང་།

མི་གཅིག་འདམ་ལ་ཟུག།

ཅི་ཁེད།   ལན་ནི་མཛུབ་གུས་རྩམ་པ་དཀྲུག་པ།

ཨ་ཡེ་བསྙལ་ཡག་བྱོས།

ལྭ་བ་འགེབས་ཡག་བྱོས།

ཅི་ཁེད།   ལན་ནི་ཞོ་དང་སྐྱུར་སོགས་བསྙལ་བ།

ཨ་ཡེ་རྒྱ་རིས་བྲོ་འཁྲབ།

སེམས་ཅན་ཐམས་ཅད་དེར་བགད།

ཅི་ཁེད།   ལན་ནི་ཡོས་བརྔོས་པ།

ཐག་རིང་མགྲོན་པོ་ཐོན་ཐལ།

ཐང་དཀར་སྒྲོག་གིས་བལྟས་ཡོད།

ཅི་ཁེད།   ལན་ནི་རི་དྭགས་ལ་རྙི་བཙུགས་པ།

རྩམ་པ་ཁ་ནས་ཟོས།

སྐྱག་པ་རྐེད་ནས་གཏོང་།

ཅི་ཁེད།   ལན་ནི་ལག་སྐོར་རྩམ་པ་འཐག་པ།

འགྲོ་དུས་མཛོ་ཐོག་ནས་འགྲོ།

འབབ་དུས་སྤང་ཐོག་ལ་འབབ།

ཅི་ཁེད།   ལན་ནི་སྦྲ་ཕུབ་པ།

ཤིང་ཀ་ལ་ཡག་གི་ཀ་རྩ་ན།

བྱ་ངང་བ་སེར་བོ་གླག་གིས་ཁུར།

ཅི་ཁེད།   ལན་ནི་འོ་མ་དཀྲོག་ནས་མར་ལེན་པ།

གནམ་ན་ཨ་ལོང་ཀོ་རོ་རོ།

ས་ན་མེ་ཏོག་ཐ་ར་ར།

ཅི་ཁེད།   ལན་ནི་ལུག་ལ་ཞགས་པ་འཕེན་པ།

ལྕགས་ཀྱི་ཐེམ་པ་མ་སྤོས་ན།

ཤིང་གི་ཉག་ག་མི་བུད་ཀི།

ཅི་ཁེད།   ལན་ནི་འོབས་ཆེན་ནང་རྐང་བ་བཞག་པ།

ཐག་རིང་མགྲོན་པོ་ཐོན་ཐལ།

གུར་ཆུང་ཆ་རུ་བདའ་ཐལ།

ཅི་ཁེད།   ལན་ནི་ལྕགས་རྙིས་སྤྱང་ཀི་བཟུང་བ།

དམག་དཔོན་སྔོ་ལེབ་ཅིག་གིས།

དམག་ནག་སྟོང་ཞིག་འདེད་ཀི།

ཅི་ཁེད།   ལན་ནི་སྐྲ་བཞར་བ།

ཨ་འགྲོ་འགྲོ་ན་ཨ་འགྲོ་འགྲོ།

ཨ་འགྲོ་འདོ་བ་སྔོ་རིལ་འགྲོ།

ལྕག་གིས་བྲབས་ན་ད་རུང་འགྲོ།

ཅི་ཁེད།   ལན་ནི་ལྕགས་ཕུར་རྡེབ་པ།

མགར་བ་སུམ་ཅུ་ནད་ཀྱིས་བཟུང་།

རིང་ཐུང་མི་འདྲ་སྨན་པ་ལྔས།

ཁབ་གཅིག་བཟུང་ནས་དྲག་གི་བཅུག།

ཅི་ཁེད།   ལན་ནི་སོ་བར་བྲུ་བ།

ལྕགས་ཀྱི་ལུང་བ་མེ་ཤོར།

རིན་ཆེན་རིལ་བུ་ཁ་གད།

ཨོ་རྒྱན་པད་མའི་རྟ་འདྲོགས།

ཅི་ཁེད།   ལན་ནི་རི་དྭགས་བདའ་བ།

ཀོ་ཡི་གཞུ་ཞིག།

དུང་གི་མདའ་ཞིག།

ཤིང་གི་འབེན་ཞིག།

ཅི་ཁེད།   ལན་ནི་འོ་མ་བཞོ་བ།

ཕར་ཁ་ནས་རྦབ་ཅིག་ལྷུང་།

ཚུར་ཁ་ནས་རྦབ་ཅིག་ལྷུང་།

མ་མོ་གྱོ་མོ་བར་ལ་གཅུར།

ཅི་ཁེད།   ལན་ནི་ཤིག་གཅུར་བ།

རྒྱལ་ཆེན་བཞི་བོ་བསྡམས་ནས།

མུན་ནག་མཆོད་ཁང་སྒོ་ཕྱེས།

ང་འདི་ན་ཡོད་པ་སུས་བཤད།

ཅི་ཁེད།   ལན་ནི་ལུག་བཤའ་བ།

ཕར་ཁ་ནས་ཆ་རྒྱན།

ཚུར་ཁ་ནས་ཆ་རྒྱན།

འོམ་བུའི་ལོང་བ་བྱང་རྒྱན།

ཅི་ཁེད།   ལན་ནི་འོ་མ་དཀྲོགས་པ།

སྟེང་ལྷ་ཡི་ཡུལ་ནས་སེར་ཕྲེང་བསྒྲིགས།

བར་གཉན་གྱི་ཡུལ་ནས་འཁྲུག་པ་བརྒྱབ།

འོག་ཀླུ་ཡི་ཡུལ་ལ་ཁ་བ་བབས།

ཅི་ཁེད།   ལན་ནི་ལག་སྐོར་འཐག་པ།

སྟོད་ཕྱོགས་ས་ནས་བྱ་ཞིག་ཐོན།

རྒྱ་མཚོའི་ཁ་ནས་ཆུ་ཞིག་འཐུང་།

ཐང་ཆེན་དཀྱིལ་ལ་རྗེས་ཤིག་ཕབ།

ཅི་ཁེད།   ལན་ལྕགས་སྨྱུག་གིས་ཡི་གེ་བྲིས་པ།

རྩ་བ་ལྕགས།

ཡུ་བ་ཤིང་།

མེ་ཏོག་རྡོ།

ཅི་ཁེད།   ལན་ནི་གྲམ་པའི་རང་འཐག

ཐང་དཀར་པོ།

ལུག་ནག་ནག།

ལུག་རྫི་གླུ་བ།

ཅི་ཁེད།   ལན་ནི་དཔེ་ཆ་ཀློག་པ།

མི་མགོ་ལྔ་ཡིས་སྐྱེལ་མ་བྱས།

རྨིག་པ་སུམ་ཅུས་གཙབས་རོགས་བྱས།

མི་རིག་གནས་སུ་བརྫངས་ནས་སྐྱེལ།

ཅི་ཁེད།   ལན་ནི་ཟ་མ་ཟོས་པ།

ཡ་ཁ་ཤིང་ཁ།

མ་ཁ་ལྕགས་ཁ།

རྒྱ་མཚོ་མེར་ཁ།

ཅི་ཁེད།   ལན་ནི་ཁ་ལེབ།  སླ་ང་།  ཇ།

ཁྱོད་ཕར་ལ་སོང་།

ང་ཚུར་ལ་འགྲོ།

སང་ཉིན་འདི་ནས་ཐུག།

ཅི་ཁེད།   ལན་ནི་སྐེ་རགས་བཅིངས་པ།

ལྕགས་ཀྱི་གཞུ་མོ་ཤིང་གི་འབྲེལ་ཐག་ཅན།

སང་ངེ་སག་གེ་རྩྭ་ཞིག་ཟོས།

རྩྭ་མགོ་མ་ཟོས་རྩྭ་རྟིང་ཟོས།

ཅི་ཁེད།   ལན་ནི་ཁེ་གྲིས་བལ་བྲེག་པ།

མི་ལྔ་ཡིས་བཟུང་།

གྲི་སུམ་ཅུས་གཙབ།

མུན་ནག་ལུང་བར་བསྐྱལ།

ཅི་ཁེད།   ལན་ནི་ཟ་མ་ཟོས་པ།

ཤིང་ཤེད་ལ་རྒྱལ་གྱིས་ཤེད་འཇུས་བྱས།

རྡོ་གོར་ཐུ་ལོག་གིས་གོར་འཇུས་བྱས།

དར་སྐུད་ཕྲ་མོས་དལ་འཇུས་བྱས།

ཅི་ཁེད།   ལན་ནི་འཕང་བཀལ་བ།

རུ་ལྔའི་རྒྱལ་བོ་རྭ་ཞྭ་ཅན།

དྲི་ཟའི་རྒྱལ་བོ་སྟོབས་ཤུགས་ཅན།

དེ་རིང་འདུལ་སྐལ་ང་ལ་ཡོད།

ཅི་ཁེད།   ལན་ནི་ཤིག་གཅུར་བ།

ཤིང་སྡེའི་མི་གཉིས་ཡོང་ནས།

ཤ་བྲང་གི་མི་ཞིག་བཟུང་ནས།

ཉག་དམར་ཉག་ག་ཕུད་ནས།

ལུང་དམར་ཐུར་ལ་དེད་ཐལ།

ཅི་ཁེད།   ལན་ནི་ཐུར་མས་ཟ་མ་ཟ་བ།

ཤ་བྲང་གི་མི་ལྔ་སོང་ནས།

ཁ་འདུས་སྐུ་ལོ་བཟུང་ནས།

ཉག་དམར་ཉག་ག་ཕུད་ནས།

ལུང་དམར་ཐུར་ལ་དེད་ཐལ།

ཅི་ཁེད།   ལན་ནི་ཚོད་མ་ཟོས་པ།

ཉིན་གྱི་ཅོ་རོ་མ།

སྲིབ་ཀྱི་ཅ་ར་མ།

རྐང་ཐང་རྟ་རྒྱུག་མ།

སྐྱ་མི་གློ་འདྲོགས་མ།

ཅི་ཁེད།   ལན་ནི་བྱ་སྲེག་པ།

ཨ་མ་རྒན་མོ་རྒྱུག་མཁན་བོས།

དཀར་བོ་བལ་གིས་མགོ་བོ་བཏུམ།

ཐང་ཆེན་བྱེ་མའི་དཀྱིལ་ནས་རྒྱུག

མ་སེམས་ཅན་ཐམས་ཅད་དེ་ལ་བགད།

ཅི་ཁེད།   ལན་ནི་ནས་རྔོ་བ།

སྟོད་རི་རྒྱལ་རི་བོའི་རི་ཤོད་ནས།

རྫས་མ་བཏབ་བུ་མོ་སྤུན་ལྔ་འཁྲུངས།

སྟོད་རྒྱལ་བ་རིགས་ལྔའི་བཀའ་དྲིན་ལ།

ལྷོ་འཛམ་བུ་གླིང་ལ་ཆར་ཞིག་ཕབ།

ཅི་ཁེད།   ལན་ནི་ནོར་བཞོ་བ།

རི་རྒྱལ་ལྷུན་པོའི་ངོས་ཟུར་ན།

ཟངས་ཀྱི་ལྷ་མོ་སྤུན་བཞི་བཞུགས།

ཕྱག་སྐྱོང་བཅུ་བོའི་བཀའ་དྲིན་ལ།

དུང་གི་བདུད་རྩི་ཆར་བཞིན་འབབ།

ཅི་ཁེད།   ལན་ནི་འོ་མ་བཞོ་བ།

ཀོ་ཡི་གཞུ་ཟིག།

དུང་གི་མདའ་ཟིག།

རྒྱག་པ་ཕྱི་རྟིང་ལ་བརྒྱབ།

ཁེལ་བ་སྣ་ལ་ཁེལ།

ཅི་ཁེད།   ལན་ནི་རྟུག་དྲི་བཏང་བ།

ཁྱོད་གཡས་ནས་ཤོག།

ང་གཡོན་ནས་ཡོང་།

རྒྱབ་ནས་འུ་གཉིས་ཐུག།

ཅི་ཁེད།   ལན་ནི་སྐེ་རགས་བཅིངས་པ།

སྔོ་རིས་མ་ཉོས་ནས།

དམར་རིས་མ་ཟོས་ན།

ནག་རིས་མ་འཕེན་དགོས།

ཅི་ཁེད།   ལན་ནི་ཆུ་ཀུབ་ཟོས་པ།

དང་བོ་ཁུ་ལིང་ནག་པོ་གྱོན་པའི་མི་སྐྱ།

བར་དུ་ཁུ་ལིང་དམར་བོ་གྱོན་པའི་གྲྭ་པ།

མཇུག་ཏུ་ཁུ་ལིང་སྐྱ་རིས་གྱོན་པའི་སྤྲང་པོ།

ཅི་ཁེད།   ལན་ནི་རིལ་མ་མེར་སྦར་བ།

དང་བོར་སྤྲེལ་ལྟར་རྩེད་འཇོའི་གར་ལ་རོལ།

ཐ་མར་ཕག་ལྟར་ཁ་ནས་སྔུར་བ་འཐེན།

ཅི་ཁེད།   ལན་ནི་ཆང་གིས་བཟི་བ།

སྟོད་ནས་དམར་བོ་ལྟེབ་ཅན།

བར་ནས་ལྕགས་སྐད་སིང་ཅན།

སྨད་ནས་ལྕང་ལོ་ལྡེམ་ཅན།

ཅི་ཁེད།   ལན་ནི་ཁྱི་ལྕགས་ཐག་གིས་བཏགས་པ།

ཞབས་ནས་མི་བཟོད་དྲོད་ཀྱིས་གཅར།

ནང་ན་རྒྱ་མཚོའི་རྦ་རླབས་འཕྱུར།

ཁ་ན་སྤྲིན་དཀར་ལང་ལོང་འཁྲུགས།

ཅི་ཁེད།   ལན་ནི་ཆུ་བསྐོལ་བ།

རྡོ་ཆ་སྔོན་མོའི་ཁྲི་ཞིག་བརྒྱབ།

མདའ་མདུང་མང་བོ་སྟེང་ལ་བཙུགས།

རྨུ་ཐག་མང་བོས་མཐའ་ནས་བརྒྱན།

ཅི་ཁེད།   ལན་ནི་ལབ་ཙེ་བསྟད་པ།

འགྲོ་དུས་ལྭ་བ་ནག་པོ་གོན།

འདུག་དུས་ལྭ་བ་དམར་པོ་གོན།

འོང་དུས་ལྭ་བ་དཀར་བོ་གོན།

ཅི་ཁེད།   ལན་ནི་རིལ་མ་ཐབ་ཀའི་ནང་དེད་པ།

སྤྲང་པོ་ཁ་ནག་ཞིག་གིས།

ལག་པ་གཉིས་ཀ་བཀྱགས་ནས།

ངེད་ཚང་ལ་མ་ཡོང་ཟེར་གི།

ཅི་ཁེད།   ལན་ནི་འཕྱི་བ་ཁུང་སྒོ་ནས་ལངས་པ།

ཕྱི་གངས་རི་དཀར་བོ་བསྐོར་འདྲ།

ནང་རྫ་ཆུ་སྨུག་པོ་འཁྱིལ་འདྲ།

ཁ་པད་འདབ་སེར་བོ་ལྷུང་འདྲ།

ཅི་ཁེད།   ལན་ནི་ཇ་ཁར་མར་འཕངས་པ།

ཕར་ཁ་ནས་བྲག་ཞིག་ཉིལ།

ཚུར་ཁ་ནས་བྲག་ཞིག་ཉིལ།

མ་མོ་གྱོལ་བོ་བར་ལ་གཅིར།

ཅི་ཁེད།   ལན་ནི་ཤིག་སེན་བར་དུ་གཅིར་བ།

ཞབས་ན་རྒྱ་མཚོ་འཁྱིལ།

རྐེད་ན་གངས་རི་ཆགས།

རྩེ་ལ་བྱ་ལྔ་བབས།

ཅི་ཁེད།   ལན་ནི་རྩམ་པ་བརྫི་བ།

ཞབས་ནས་མི་བཟོད་དྲོད་ཀྱིས་གཙེས།

ནང་ན་རྒྱ་མཚོའི་རྦ་རླབས་འཕྱུར།

ཁ་ན་སྤྲིན་གྱི་ན་བུན་འཐིབས།

ཅི་ཁེད།   ལན་ནི་ཆུ་བསྐོལ་བ།

ཟངས་དམར་ནག་རིས་ནང་ནས།

ཨ་ཡེ་རྒྱ་རིས་མས་བྲོ་འཁྲབ་ན།

སེམས་ཅན་ཐམས་ཅད་དེ་ལ་དགོད།

ཅི་ཁེད།   ལན་ནི་ཡོས་བརྔོ་བ།

གཡས་ལག་ལྔ་བོ།

གཡོན་ལག་ལྔ་བོ།

བཅུ་བོ་ཁྱེར་ཡང་།

ཤུལ་ན་བཅུ་ལུས།

ཅི་ཁེད།   ལན་ནི་ལག་ཤུབས་ཕུད་པ།

ཤ་ཡི་གཞུ།

དུང་གི་མདའ།

ཤིང་གི་འབེན།

ཅི་ཁེད།   ལན་ནི་འོ་མ་བཞོ་བ།

ཤ་ཁྲི་སྟེང་ལ་ཤིང་ཁྲི།

ཤིང་ཁྲི་སྟེང་ལ་རྒྱ་མཚོ།

རྒྱ་མཚོའི་སྟེང་ལ་མེ་ཏོག

ཅི་ཁེད།   ལན་ནི་ལག་པས་ཇ་ནེ་ནང་དུ་ཇ་བླུག་ནས་ཁར་མར་འཕངས་པ།

ཨ་ཅེ་དཀར་མོ་ཆུ་ལ་བརྒལ།

གཙང་བོའི་དཀྱིལ་ནས་བུ་ཞིག་སྐྱེས།

ཐན་ལྟས་ཟེར་ནས་ཁུར་དུ་བཅུག།

ཅི་ཁེད།   ལན་ནི་ལུག་ཆུ་ལ་བརྒལ་དུས་རུལ་མ་ཆུས་ཁུར་བ།

ཨ་ཡེ་སྐྲ་འཛེང་མས།

བྱིས་པ་ནག་རིས་མ།

ཡར་འདེད་མར་འདེད་བྱས།

ཅི་ཁེད།   ལན་ནི་ཕྱགས་མས་རིལ་མ་ཕྱགས་པ།

སྟོན་གྱི་དུས་ལ་སྐམ་ཞིག་བཤས།

མཁལ་ཚིལ་ཡར་ལ་ལེན་རྒྱུ་ཡོད།

གྲོད་ཚིལ་ཉི་མར་བསྐམ་རྒྱུ་ཡོད།

ཆུ་སེར་མར་ལ་འཕོ་རྒྱུ་ཡོད།

ཅི་ཁེད།   ལན་ནི་འོ་མ་དཀྲོགས་ནས་མར་ཕྱུར་བླངས་པ།

མུ་ཏིག་དཀར་བོའི་ཐང་མ་དེ།

རྡོ་སྲུབ་བར་ནས་ལྭ་བ་ཕུད།

ཆུ་འཁྱགས་ནང་ནས་ཁྲུས་ལ་རོལ།

ཆུ་ཁོལ་ནང་ནས་ཚོ་ཞིག་བུད།

ཅི་ཁེད།   ལན་ནི་འབྲས་བཙོས་པ།

ཕར་ཁ་ནས་མི་ལྔ་ཡོང་།

ཚུར་ཁ་ནས་མི་ལྔ་ཡོང་།

དམར་བོ་གདོང་ནས་གྲོས་ཤིག་བྱས།

གྲོས་ཁ་མ་མཐུན་རང་སར་སོང་།

ཅི་ཁེད།   ལན་ནི་ཁ་ངོ་ཕུར་བ།

མགྱོགས་པ་སྤུན་བཞི་དམ་ལ་བཏགས།

དབུགས་ཀྱི་སྒོ་མོ་བཙན་གྱིས་བཅད།

གསང་བའི་ལུས་ཀྱི་སྒོ་ཕྱེ་ནས།

བཙོན་མ་གཅེར་བུ་ཕྱི་ལ་བཏོན།

ཅི་ཁེད།   ལན་ནི་ལུག་བཤས་ནས་དོན་ལྔ་ཕྱིར་བཏོན་པ།

རྐོ་རྐོ་ནང་གི་ལོག་ལོག།

མི་ལྔ་ཡོང་ནས་བཟུང་ཐལ།

གྲི་མདུང་སུམ་ཅུས་གཙབས་ཐལ།

དམྱལ་བའི་འཕྲང་ལ་འཕངས་ཐལ།

ཅི་ཁེད།   ལན་ནི་རྩམ་པ་ཟོས་པ།

ཕ་ཀོ་གྱོན་ཞིག།

བུ་ཕྱིང་གྱོན་ཞིག།

བུས་ཕྱི་བསྣུར་སྟེག་བཞིན་ཕར་རྡུང་ན།

ཕ་འདར་གིན་འདར་གིན་ཀི་རྒྱངས་བྱེད།

ཅི་ཁེད།   ལན་ནི་རྔ་བརྡུང་བ།

རང་བཞིན་ཚ་བ་ལ་གནས་ཁྲོ་གཏུམ་མ།

བུད་ཤིང་གཞོན་ནུ་མཐོང་ཚེ་ངོ་དམར་མ།

དྲི་བཞོན་རླུང་དང་འགྲོགས་ཚེ་སྒྲ་འབྱིན་མ།

ཐམས་ཅད་ལྕེ་རྩེས་བསྲེགས་པའི་ཁྲེལ་མེད་མ།

ཅི་ཁེད།   ལན་ནི་མེ་འབར་བ།

ཤིང་གི་འདོ་རིག་རྟ་བོ་ལ།

ལྕགས་ཀྱི་སྒ་ཆ་ལྷུ་བཞི་བསྟད།

སྒ་ཁོག་ཟངས་ཀྱི་བུ་ཆུང་གིས།

ཀི་རེ་བཏབ་ན་སྲོག་རེ་དགུམ།

ཅི་ཁེད།   ལན་ནི་བོའུ་བརྒྱབ་པ།

ཕ་རྒན་ལྕགས་ཐར་འབུམ་གྱིས་རྣོ་ངར་བླུད།

མ་ལོ་རྡོ་རྗེ་མཚོ་མོས་རྡོ་ལ་བརྡར།

གཅེན་གཅུང་བན་དེ་སྤུན་ལྔས་རྒྱབ་དཔུང་གིས།

ཤ་བོ་དམར་མོ་གཡས་གཏུབ་གཡོན་གཏུབ་བྱས།

ཅི་ཁེད།   ལན་ནི་ཤ་གཏུབ་པ།

གོར་མོ་རྡོ་ཡི་ཁྲི་ཐོག་ལ།

སྤ་དཀར་རྩྭ་ཡི་གདན་ཞིག་བཏང་།

རྒྱལ་བོ་ལྕགས་ཀྱི་རང་བཞིན་ཅན།

ཧོར་འདུག་བྱས་པས་མེ་ཞགས་མཆེད།

ཅི་ཁེད།  ལན་ནི་མེ་ཆ་རྡེབ་པ།


སྐབས་སྔོན་མ། དྲུག རྒྱན་གོས་ཀྱི་སྐོར།
སྐབས་རྗེས་མ། བརྒྱད། ཆོས་སྤྱོད་ཀྱི་སྐོར།
མཉམ་སྤྱོད།