དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བརྒྱད། ཆོས་སྤྱོད་ཀྱི་སྐོར།

2022-11-17 13:36:31   |   1272

མི་བརྒྱའི་དཔོན་པོ་སྣ་ཁུང་གསུམ་པ་ཅན།

ཅི་ཁེད།   ལན་ནི་ཕྲེང་བའི་བརྒྱ་དཔོན།

འབའ་མི་ཤེས་མ་མོ་སྐེ་རིང་མ།

ཅི་ཁེད།   ལན་ནི་བུམ་པ།

རི་མཐོན་པོའི་མགོ་ཡི་ཐང་དཀར་གཤོག་རིང་།

ཅི་ཁེད།   ལན་ནི་དར་ལྕོག

འཇའ་ཚོན་གྱང་ངོར་ཤར་འདྲ་བོ།

ཅི་ཁེད།   ལན་ནི་ཐང་ག

མི་སྟོང་གིས་ལྭ་བ་གཅིག་གོན།

ཅི་ཁེད།   ལན་ནི་དཔེ་ཐུམ་ནང་གི་དཔེ་ཆ།

གཤོག་པ་མེད་པའི་འཕུར་མཁན།

ཅི་ཁེད།   ལན་ནི་རླུང་རྟ།

མི་རྒན་དར་ཚོན་སྐེ་རགས་ཅན།

ཅི་ཁེད།   ལན་ནི་དར་ལྕོག

ཤིང་གི་ཆོས་དཔོན་ལྕགས་ཁྲབ་ཅན།

ཅི་ཁེད།   ལན་ནི་ལྕགས་ལྕུག

ལྷ་མདུན་གྱི་བུ་ཆུང་སྣུམ་བཟའ་།

ཅི་ཁེད།   ལན་ནི་མཆོད་མེ།

ཟོག་བརྒྱ་ཐག་པ་གཅིག་གིས་བཏགས།

ཅི་ཁེད།   ལན་ནི་ཕྲེང་བ།

གསེར་མཚོའི་དུང་གི་སྡོང་མགོ་ན།

བྱེའུ་ཆུང་དམར་ལུ་འཕུར་ལ་ཁད།

ཅི་ཁེད།   ལན་ནི་མཆོད་མེ།

མ་གཞི་གྲུ་བཞི་སྒམ་འདྲ་འདྲ།

ཚོན་མདངས་སྣ་ཚོགས་འཇའ་འདྲ་འདྲ།

ཅི་ཁེད།   ལན་ནི་ཐང་ག

ས་རྒྱ་གར་ཡུལ་ནས་ལུག་ཅིག་ཉོས།

ལུག་འབའ་སྒྲ་མ་ཆད་ད་རུང་ཡོད།

ཅི་ཁེད།   ལན་ནི་དུང་དཀར།

ཤིང་ཐོ་ཐོ་རུ་ལས་ངན་པོ།

འབུ་དོ་ལོ་གཉིས་ཀྱིས་བཏོག་གི་ཡོད།

ཅི་ཁེད།    ལན་ནི་ཊ་རུ།

ཁ་ཡོད་ཀྱང་བཤད་མི་ཤེས།

ལུས་ཡོད་ཀྱང་འགུལ་མི་ཤེས།

ཅི་ཁེད།   ལན་ནི་ཐང་ག

རི་གངས་ལྷ་ཡག་གི་གངས་སྐེད་ན།

བྱ་ངང་བ་ཡག་གིས་འཛིན་དྲུག་སྤེལ།

ཅི་ཁེད།   ལན་ནི་རིག་ཆ།

ཐང་ཆེན་ཐང་ན་རྩྭ་མེད།

ཐོ་རུ་རྒྱུག་ན་རྗེས་མེད།

ཅི་ཁེད།   ལན་ནི་རྔ་རྡུང་བ།

ལྷ་སའི་མཛོ་མོ་དཀར་རིལ་མ།

སྐད་སྒྲ་ཆེ་ཡང་བཞོ་རྒྱུ་མེད།

ཅི་ཁེད།   ལན་ནི་དུང་།

གུར་དཀར་རིལ་ཁོག་པ་རླུང་གིས་གང་།

ནང་གི་འགྲུལ་བས་ཀུ་རིང་འདེབས།

ཅི་ཁེད།   ལན་ནི་དུང་བུས་པ།

ཨ་ཁུ་ཉལ་མ་མྱོང་།

བན་ཆུང་ལངས་མ་མྱོང་།

ཅི་ཁེད།   ལན་ནི་དྲིལ་བུ་དང་རྡོ་རྗེ།

རྟ་རྒྱུག་པའི་ཐང་ན་རྩྭ་མེད།

རྟ་རྒྱུག་པའི་ཐོ་རུར་རྡུལ་མེད།

ཅི་ཁེད།   ལན་ནི་རྔ་དང་རྔ་རྟེའུ།

ཤིང་ཙན་དན་སྡོང་བོའི་རྩེ་མོ་ནས།

ལྷོ་གཡུ་འབྲུག་སྔོན་མོ་འཁྱུག་འགྲོས་བྱེད།

ཅི་ཁེད།   ལན་ནི་སྤོས་སྒྲོན་པ།

བརྒྱ་དམག་དམག་དཔོན་སྣ་ཁུང་གསུམ་པ་ཅན།

དམག་དང་དམག་དཔོན་སྲོག་གི་རྒྱུ་མ་གཅིག།

ཅི་ཁེད།   ལན་ནི་ཕྲེང་དཔོན།

ཙན་དན་སྡོང་བོའི་ཡང་རྩེ་ན།

གཡུ་འབྲུག་སྔོན་མོ་འཁྱུག་འགྲོ་བྱེད།

ཅི་ཁེད།   ལན་ནི་སྤོས་སྒྲོན་པ།

ཁ་ཆེ་འགྲམ་ལུག་ཀོ་གི་རྣ་ལུང་ཅན།

ཡ་ཁ་གདངས་ན་ནམ་མཁའ་འུར་གིས་བཀང་།

ཅི་ཁེད།   ལན་ནི་སྦུག་རྡུང་བ།

སྟོད་ནས་ཡོང་བའི་བྱ་གཉིས་ཀིས།

བོད་ལ་ཡོང་ནས་གཤོག་རླབས་བྱས།

ཅི་ཁེད།   ལན་ནི་སྦུབ་ཆ།

དཀར་བོ་དངུལ་གྱི་ཁ་རྒྱན་ཅན།

བུས་ན་ངུ་སྐད་ཆ་ལ་ལ།

ཅི་ཁེད།   ལན་ནི་ཟངས་དུང་།

དཀར་བོ་བྱི་རུའི་ཁྲ་རྒྱན་ཅན།

བླ་མ་ལས་སྣེའི་མདུན་ན་མཛེས།

ཅི་ཁེད།   ལན་ནི་གཟན་གཟུང་།

སྐེ་རགས་མ་བཅིངས་གཟུགས་ཡག་མ།

མིད་ཐག་མེད་པའི་སྐད་ཡག་མ།

ཅི་ཁེད།   ལན་ནི་དྲིལ་བུ།

ཁ་གཅིག་སྣ་གཉིས་གཟུགས་རིང་མ།

གཅོད་པའི་ལག་གི་གླུ་ལེན་མ།

ཅི་ཁེད།   ལན་ནི་རྐང་གླིང་།

ཁ་ཆེ་འགྲམ་སྐྲང་ཀོ་ཡི་རྣ་ལུང་ཅན།

ཁ་རེ་གདང་ན་ནམ་མཁའ་འུར་གྱིས་ཁེངས།

ཅི་ཁེད།   ལན་ནི་སྦུབ་ཆ།

གྲུ་བཞི་མུ་བཞི་ངོས་ལེབ་མ།

གྲུ་སྣེ་སྦྲུལ་གྱི་ལྕེ་འདྲ་འདྲ།

ཅི་ཁེད།   ལན་ནི་གདིང་ང་།

གོས་སེར་བོ་གོང་བ་མུ་ཏིག་ཅན།

རྗེ་བླ་མ་མ་གཏོགས་གྱོན་མཁན་མེད།

ཅི་ཁེད།   ལན་ནི་གོས་བེར།

གོས་ཕུ་རུང་མེད་པའི་སྐྱོན་ཅན་པོ།

དགུན་གྲང་ངར་ཆེ་དུས་འདང་ཆེན་པོ།

ཅི་ཁེད།   ལན་ནི་ཐུལ་བ།

གོས་ལྷན་པ་བརྒྱ་ལ་གོང་རྟགས་ཅན།

བན་སེར་མོའི་རྒྱབ་ཀྱི་ནོར་བུ་ཡིན།

ཅི་ཁེད།   ལན་ནི་སྣམ་སྦྱར།

ཀ་གཅིག་མགོ་ན་ལྷ་ཁང་ཞིག།

སྒོ་དར་ཐོག་ན་དྲིལ་ཆུང་ཞིག།

ཅི་ཁེད།   ལན་ནི་ལག་འཁོར་མ་ཎི།

ཆབ་གཙང་མ་ཁ་ནས་རྒྱུན་མཆོད་མ།

ལུས་ལྕི་གུར་འཐམ་ནས་དཔྱངས་ནི་མ།

ཅི་ཁེད།   ལན་ནི་ཆབ་རིལ།

ཐང་སྔོ་སྔོ་གཉིས་ན།

བན་ཕྲུག་གཉིས་ཕར་ལྡིང་ཚུར་ལྡིང་བྱེད།

ཅི་ཁེད།   ལན་ནི་ཌ་རུ།

སྒང་རེ་སྒང་ནས་བྲོ་ཞིག་འཁྲབ།

ཙན་དན་ལུང་བ་འུར་གྱིས་བཀང་།

ཅི་ཁེད།   ལན་ནི་རྒྱ་གླིང་།

སྤུན་གཉིས་རྒྱུ་མ་གཅིག་གིས་སྦྲེལ།

གདོང་རེ་ཐུག་ན་གླུ་རེ་ལེན།

ཅི་ཁེད།   ལན་ནི་ཏིང་ཤགས།

སྤུན་ལྔ་བོ་རྒྱུ་མ་གཅིག་ལ་བརྒྱུས།

དགོན་བླ་མའི་དབུ་ན་ཏོག་ལྟར་མཛེས།

ཅི་ཁེད།   ལན་ནི་རིགས་ལྔ།

རྣམ་པར་སྣང་མཛད་ལྕགས་ཀྱི་ལྕེ་ཆུང་ཅན།

མགོ་ནས་བཟུང་ན་ཞབས་ནས་སྒྲ་སྙན་འཁྲོལ།

ཅི་ཁེད།   ལན་ནི་དྲིལ་བུ།

བླ་མ་བརྒྱ་དང་བརྒྱད།

ཚང་མ་རྒྱུ་མ་གཅིག།

ཅི་ཁེད།   ལན་ནི་ཕྲེང་བ།

བྱ་ངང་བ་སེར་བོ་སྒྲོ་བརྒྱ་མ།

བན་སེར་མོའི་རྒྱབ་ནས་གཤོག་རྡེབ་བྱེད།

ཅི་ཁེད།   ལན་ནི་ཆོས་གོས།

བྱ་ངང་བ་གསེར་གྱི་གཤོག་པ་ཅན།

རྗེ་བླ་མའི་དབུ་ན་འཕུར་ལ་ཁད།

ཅི་ཁེད།   ལན་ནི་བླ་མའི་པཎ་ཞྭ།

དམར་བོ་ཟངས་ཀྱི་ལུང་བ་ན།

ཕོ་ཆུང་འབྲུག་གིས་ངར་སྐད་སྒྲོག།

ཅི་ཁེད།   ལན་ནི་དུང་ཆེན།

དམར་མོ་ལེབ་མོ་སྒང་བརྒྱ་མ།

སྒང་བརྒྱ་མི་ཚད་གཤོང་བརྒྱ་ཡོད།

ཅི་ཁེད།   ལན་ནི་ཟླ་གམ།

ཙན་དན་སྡོང་བོའི་རྩེ་མོ་ནས།

གཡུ་འབྲུག་སྔོན་མོ་འཁྱུག་འགྲོས་བྱེད།

ཅི་ཁེད།   ལན་ནི་སྤོས་སྒྲོན་པ།

མཚོ་ལྡ་མ་ལྡེམ་གྱི་ནང་རོལ་ན།

ཆུ་མི་འཐུང་རྡོ་རྗེ་སྤུན་ལྔ་ཡོད།

ཅི་ཁེད།   ལན་ནི་ཛམ་ལྷའི་ཆུ་མཆོད།

ཡར་བལྟས་ན་དབྱར་གསུམ་མེ་ཏོག་འདྲ།

མར་བལྟས་ན་བོང་བུའི་རྔ་ཤིང་འདྲ།

ཅི་ཁེད།   ལན་ནི་ཐང་ག་དང་དེའི་གོང་བཤམས་ཀྱི་ཤིང་།

རི་སིལ་མོ་ཡག་གི་རྩེ་མོ་ན།

གཡུ་བྱུ་རུའི་རྒྱན་གྱི་ཕྲ་ཚོམ་ཅན།

ཅི་ཁེད།   ལན་ནི་སྒྲོག་གུ།

ལི་ཡི་བུ་མོ་གླུ་ལེན་མར།

གོས་གདན་གྲུ་བཞིའི་ཁྲི་ཞིག་བརྒྱབ།

ཅི་ཁེད།   ལན་ནི་དྲིལ་བུ།

ལུག་གཡང་དཀར་བརྒྱ་ལ་འདོགས་ཐག་གཅིག།

ཆོས་དབང་ཆེན་གནང་བའི་བླ་མར་མཛེས།

ཅི་ཁེད།   ལན་ནི་རུས་རྒྱན།

ལུས་ཚིགས་དྲུག་ཡག་གི་རྩེ་མོ་ན།

གུར་སེར་བོ་རྔ་མ་ཕྱིང་ཕྲ་ཅན།

ཅི་ཁེད།   ལན་ནི་ཞྭ་སེར།

ཨ་ཅེ་རིང་བོ་རིང་བོ་ཟིག

འདོགས་ཆ་མང་བོ་མང་བོ་ཟིག

ཅི་ཁེད།   ལན་ནི་དར་ལྕོག

ཨ་ཁུ་ཚང་གི་མཛོ་མོ་དཀར་ལྡང་མ།

ངུར་རྒྱུ་མང་ལ་ནམ་ཡང་བཞོ་རྒྱུ་མེད།

ཅི་ཁེད།   ལན་ནི་དུང་དཀར།

སེམས་ཅན་ཐམས་ཅད་ཉལ་ནས་ཤི

བན་རྒན་སེར་ལྡང་ལངས་ནས་ཤི

ཅི་ཁེད།   ལན་ནི་སྤོས།

ཡར་བལྟས་ན་དབྱར་གསུམ་མེ་ཏོག་འདྲ།

མར་བླངས་ན་བོང་བུའི་རྔ་ཤིང་འདྲ།

ཅི་ཁེད།   ལན་ནི་ཐང་ག

གསེར་ཀ་མགོ་ཨ་ལོང་དགུ་མདུད་ཅན།

རྗེ་བླ་མའི་ཕྱག་ན་སི་ལི་ལི།

ཅི་ཁེད།   ལན་ནི་འཁར་སིལ།

རྡོ་ཆ་སྔོན་མོའི་ཁྲི་ཞིག།

ཁ་བཏགས་དཀར་པོའི་ལམ་ཞིག།

འབྲི་མར་སེར་བོའི་རྒྱན་ཞིག།

ཅི་ཁེད།   ལན་ནི་ལབ་ཙེ།

ཕ་ཧེ་འདེབས།

མ་ཙི་འདེབས།

བུ་ལམ་འོག་ཏུ་འཕངས།

ཅི་ཁེད།   ལན་ནི་གཏོར་མ་འཕེན་པ།

ལུག་བརྒྱ་དང་བརྒྱད་ལ།

ལུག་རྫི་བུ་སྤུན་ལྔ་བོས།

གླུ་ལེན་ཞོར་ལུག་རྩི་ལེན།

ཅི་ཁེད།   ལན་ནི་ཕྲེང་བ་འདྲེན་ཞོར་མ་ཎི་འདོན་པ།

སྨད་རྒྱ་ནག་ཡུལ་གྱི་གོས་གོན་མ།

རོང་ལ་ཡོང་བའི་བྱ་འཛིན་མ།

བོད་ལ་ཡོང་བའི་ཆུ་འཐུང་མ།

ཅི་ཁེད།   ལན་ནི་བུམ་པ།

ཕ་ལོ་སྐད་གྲགས་ཆེ་ནི་གི

ཞི་ལིའི་མཛད་པ་བཙོག་ནི་གི

མི་སྐད་གོ་གི་མི་འཇུག་གི

ཅི་ཁེད།   ལན་ནི་རྔ་རྡུང་བ།

རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ།

རྒྱ་གར་ཡུལ་གྱི་གོས་གྱོན་མ།

རྒྱ་མཚོའི་གཏིང་གི་ཆུ་འཐུང་མ།

ཅི་ཁེད།   ལན་ནི་བུམ་པ།

གོས་ངུར་སྨྲིག་ཤིང་གི་གསེར་ཏོག་ཅན།

ནང་ཀ་བ་གཅིག་གིས་གནམ་ལ་བཏེགས།

རྗེ་བླ་མའི་དབུ་ན་གྱུ་ལི་ལི།

ཅི་ཁེད།   ལན་ནི་གདུགས།

སྔགས་ནུས་མཐུ་ཅན་གྱི་ཕྱག་ནང་ན།

སྐུ་དམར་ནག་འཆིང་བའི་ཁྲོ་བོ་ཡོད།

ཁོ་གནམ་ལ་ཕྱར་ན་འདྲེ་སྲིན་འདར།

ཅི་ཁེད།   ལན་ནི་ཕུར་བུ།

ཆོས་འདུལ་བའི་ཁྲིམས་ཀྱི་བཟོ་དབྱིབས་ཅན།

ལག་ཕུ་རུང་མེད་ལ་སྒྲོག་གུ་མེད།

བར་རབ་བྱུང་བཙུན་པའི་སྟོད་ན་མཛེས།

ཅི་ཁེད།   ལན་ནི་སྟོད་འགག

ཉག་ག་གཅིག་པོ་ཉག་རེ་ལྟོས།

ཐང་ཆེན་གཉིས་ཀ་བདེ་རེ་ལྟོས།

བན་ཕྲུག་གཉིས་ཀ་རྩེ་རེ་ལྟོས།

ཅི་ཁེད།   ལན་ནི་ཌ་རུ།

དང་བོ་ལུག་གི་རྒྱབ་ནས་བླངས།

བར་དུ་བཟོ་བོའི་ལག་ནས་འཐག།

མཐའ་མ་སེར་མོའི་རྐེད་ན་མཛེས།

ཅི་ཁེད།   ལན་ནི་ལྕུ་གུ

འདུ་ཁང་སེར་བོའི་ཡང་ཐོག་ན།

རྗེ་བླ་མ་གསེར་གྱི་ན་བཟའ་ཅན།

དེ་ཉིན་མཚན་མེད་པར་སྒོམ་ལ་བཞུགས།

ཅི་ཁེད།   ལན་ནི་གསེར་ཏོག

རྡོ་ཆ་སྔོན་མོའི་ཁྲི་ཞིག།

ཁ་བཏགས་དཀར་བོའི་ལམ་ཞིག།

འབྲུ་མར་སེར་བོའི་རྒྱན་ཞིག།

ཅི་ཁེད།   ལན་ནི་ལབ་ཙེ།

ནང་ཟངས་ཀྱི་བུ་མོ་ཁོག་སྟོང་མ།

ཕྱི་གོས་ལྭ་སྣ་ལྔའི་གྱོན་པ་ཅན།

མཆུ་མེད་ཀྱང་བདུད་རྩི་སྦྱིན་མཁན་མ།

ཅི་ཁེད།   ལན་ནི་ཚེ་བུམ།

ཕྱི་ལྕགས་རི་བསྐོར་འདྲ།

ནང་མཚོ་མོ་འཁྱིལ་འདྲ།

ཁ་ཉི་མ་ཤར་འདྲ།

ཅི་ཁེད།   ལན་ནི་མཆོད་མེ།

ཕྱི་ཡག་པ་ཅོད་པན་བརྒྱ་ཡིས་བརྒྱན།

ནང་སྟོང་བ་གོས་རྐྱང་ཤམ་བུ་ཅན།

རྗེ་བླ་མ་བསུ་དུས་སྔོན་མ་ཡིན།

ཅི་ཁེད།   ལན་ནི་རྒྱལ་མཚན།

བླ་མ་གཅིག་ལ་སློབ་མ་གཉིས།

བླ་སློབ་གསུམ་པོ་སྒོམ་ལ་བཞུགས།

སྒོམ་རྒྱག་ས་འདུ་ཁང་ཀླད་ན་ཡོད།

ཅི་ཁེད།   ལན་ནི་རི་དྭགས་ཆོས་འཁོར།

སེར་པོ་གསེར་གི་ཐང་དཀྱིལ་ནས།

རྐང་སྒྲོག་ལ་བརྒྱབ་པའི་རྟེའུ་ཞིག

ཐར་མ་ཐུབ་འཚེར་སྐད་སི་ལི་ལི།

ཅི་ཁེད།   ལན་ནི་སིལ་སྙན།

གསེར་གྱི་མཚོ་ནང་ན།

བལ་གྱི་སྡོང་མགོ་ན།

བྱ་འབབ་ལ་ཁད་དང་འཕུར་ལ་ཁད།

ཅི་ཁེད།   ལན་ནི་མཆོད་མེ།

ཕར་ཁ་ནས་མི་ལྔ་ཡོང་།

ཚུར་ཁ་ནས་མི་ལྔ་ཡོང་།

དམར་པོ་གདོང་ནས་གྲོས་ཤིག་བྱས།

གྲོས་རྐང་མ་འགྲིག་ཐར་སེ་སོང་།

ཅི་ཁེད།   ལན་ནི་ཕྱག་འཚལ་བ།

ཕྱི་མཁར་མོ་ཡག་གི་མཁར་ནང་ན།

ནང་མཚོ་མོ་ཡག་གི་མཚོ་ནང་ན།

ཤིང་གསོམ་དཀར་ཡག་གི་རྩེ་མོ་ན།

རྗེ་བླ་མ་སྐུ་མདོག་སེར་པོ་ཅན།

ཅི་ཁེད།   ལན་ནི་མཆོད་མེ།

སྐེ་ཏི་རིང་ནོ་སྐེ་རེད།

མཆུ་ཏོ་རིང་ནོ་བྱ་རེད།

དབུ་སྐྲ་རིང་ནོ་གཡུ་རེད།

ལྟོ་བ་ཆེ་ནོ་ཆུ་རེད།

ཅི་ཁེད།   ལན་ནི་བུམ་པ།

བུས་ཕ་གཅར།

ཕ་ཧེས་བཏབ།

བུ་མོས་མ་གཅར།

མ་ཙིས་བཏབ།

ཅི་ཁེད།   ལན་ནི་རྔ་དང་རིག་ཆ་རྡུང་བ།

སེར་པོ་སེར་པོ་གྲུ་བཞི།

ལན་ཚ་སེར་པོ་གྲུ་བཞི།

ཚེ་འདི་ནས་འདུག་པའི་སེམས་རྟེན།

ཚེ་ཕྱི་མར་འགྲོ་བའི་ལམ་སྟོན།

ཅི་ཁེད།   ལན་ནི་ཆོས་གོས།

ཕ་ར་སློག་ཅན།

བུ་ཕྱིང་ཙེ་ཅན།

བུས་ཕ་བརྒྱབ།

ཕས་ཧེས་བཏབ།

ཅི་ཁེད།   ལན་ནི་རྔ་དང་རྔ་དབྱུག།

ཕྱི་ཤུན་རིན་ཆེན་དངུལ་གྱིས་བརྒྱན།

ནང་སྙིང་འབྲི་མར་སེར་བོས་བཀང་།

སྲོག་ཤིང་ཤུག་སྡོང་ཕྲ་མོས་བྱས།

སྨག་རུམ་མུན་པ་དེ་ཡིས་སེལ།

ཅི་ཁེད།   ལན་ནི་མཆོད་མེ།

ཁ་ར་བསྐོར་ནས་རྒྱབ་ར་བསྐོར།

རྒྱ་མཚོ་སེར་བོས་དབུས་ཁ་བཀང་།

དབུས་རྩེ་མོ་ཡག་གི་ཡང་སྟེང་ན།

ནམ་ཡར་ལངས་ཐོད་ནས་སྐར་ཆེན་ཤར།

ཅི་ཁེད།   ལན་ནི་མཆོད་མེ།

ཕྱི་མཁར་དམར་ཡག་གི་མཁར་ནང་ན།

ནང་མཚོ་མོ་ཡག་གི་དཀྱིལ་དབུས་ན།

ཤིང་ཙན་དན་དམར་བོའི་སྡོང་མགོ་ན།

རྗེ་མི་ལས་ན་བཟའ་སེར་བོ་མནབས།

ཅི་ཁེད།   ལན་ནི་མཆོད་མེ།

ཕྱི་བལྟས་པད་འདབ་ཁང་བཟང་།

ནང་བལྟས་རིག་པའི་བུ་ཆུང་།

བུ་ཆུང་གང་ལ་སོང་ན།

སིང་སིང་འུར་སྒྲ་སྒྲོག་མཁས།

ཅི་ཁེད།   ལན་ནི་སིལ་སྙན།

མི་རྒན་ནམ་བཟའ་སེར་བོ་ཅན།

ནུབ་ཕྱོགས་ཡུལ་དུ་སོང་བའི་རྗེས།

བྱུ་རུའི་ཞྭ་མོ་མགོར་གོན་པའི།

མི་རྒན་ཞིག་ཀྱང་ཚབ་ཏུ་བཞུགས།

ཅི་ཁེད།   ལན་ནི་མཆོད་མེ།


སྐབས་སྔོན་མ། བདུན། བྱ་བྱེད་ཀྱི་སྐོར།
སྐབས་རྗེས་མ། དགུ། བཟའ་བཏུང་གི་སྐོར།
མཉམ་སྤྱོད།