དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བཅུ་གཅིག གྲངས་འདྲེན་གྱི་སྐོར།

2022-11-17 13:40:28   |   1861

གཤོག་ཐོག་གསུམ་གྱི་རྩྭ་གཟན་ཅི་ཁེད།

ལན།   རྫ་ཁའི་གོང་མོས་རྫ་རྩྭ་ཟ།

ཐང་དཀར་རྒོད་པོས་སྤ་ཏོག་ཟ།

ངང་བ་སེར་པོས་འདམ་རྩྭ་ཟ།

རྨིག་ཐོག་གསུམ་གྱི་ཤ་གཟན་ཅི་ཁེད།

ལན།   མ་མོ་གྲོ་མོས་ས་རྨིགས་ཟ།

སྟོན་ཀའི་ཤ་བོས་སྦལ་བ་ཟ།

མཛོ་མོ་སྔོན་མོས་ཤ་མ་ཟ།

འཇིག་རྟེན་ཁམས་ཀྱི་མི་དལ་རྣམ་གསུམ་ཅི་ཁེད།

ལན།   གཡག་གུ་ཞོན་ན་སུག་མི་དལ།

         སྤེན་མ་བུས་ན་ལག་མི་དལ།

         ཆུང་མ་ངན་ན་ཁ་མི་དལ།

ཨ་དོག་དོག་གསུམ་ཅི་ཁེད།

ལན།  ནམ་མཁའ་ཡངས་རུང་བྱ་ལམ་དོག།

        ཁྱིམ་གཞི་ཡངས་རུང་སྒོ་ཁ་དོག།

        ཕུ་ཞབས་ཡངས་རུང་ཕུར་ཁ་དོག།

གཤོག་ཐོག་གཅིག་ལ་དོ་ཟླ་གསུམ་ཅི་ཁེད།

ལན།   ཡ་ཐོད་མིག་གིས་གང་བ་དོམ་ནག་སྨྱོན་པའི་དོ་ཟླ།

         སྐད་ཅིག་ཉིད་ལ་འཕུར་བ་ཐང་དཀར་རྒོད་པོའི་དོ་ཟླ།

         གསོན་པོའི་ཁྲག་ལ་དགའ་བ་རི་སྤྱང་སྔོན་མོའི་དོ་ཟླ།

བོད་ཀྱི་ཨ་འཛའ་འཛའ་གསུམ་ཅི་ཁེད།

ལན།  སྟག་ཤ་རའི་རྒྱབ་ལ་འཁོར་གསུམ་འཛའ།

        རྟ་འདོ་བའི་རྒྱབ་ལ་སྒ་ཁྲ་འཛའ།

        སྨན་བུ་མོའི་རྒྱབ་ལ་དུང་ར་འཛའ། 

རྒྱ་ཡི་ཨ་འཛའ་འཛའ་གསུམ་ཅི་ཁེད།

ལན།   རྣ་ཁྲི་གང་བོང་བུའི་མགོ་ན་འཛའ།

         ནས་ཐར་གང་བོང་བུའི་རྒྱབ་ན་འཛའ།

         རྒྱ་ཁ་སྤུ་ཅན་ཞིག་རྗེས་ན་འཛའ། 

བར་སྣང་ཁམས་ཀྱི་ཚོས་གསུམ་ཅི་ཁེད།

ལན།   ཉི་མ་སེར་པོ་གསེར་གྱི་ཚོས།

         ཟླ་བ་དཀར་ཆུང་དུང་གི་ཚོས།

         སྐར་ཚོགས་ཁྲ་མོ་དངུལ་གྱི་ཚོས། 

མི་སྲིད་སྲིད་པ་རྣམ་གསུམ་ཅི་ཁེད།

ལན།   བྱ་སྐྱ་ཀའི་མཁྲིས་པ་ཁ་ན་སྲིད།

         སྦྲུལ་ལྟོ་འགྲོའི་རྐང་ལག་ཁོག་ན་སྲིད།

         ཉ་གསེར་མིག་སོག་པ་མགོ་ན་སྲིད།

སྲིད་པའི་སྲིད་པ་རྣམ་གསུམ་ཅི་ཁེད།

ལན།   རྡོ་ལྕགས་བར་ནས་མེ་སྟག་སྲིད།

         ཤ་ཀོ་བར་ནས་འོ་མ་སྲིད།

          ས་གནམ་བར་ནས་སྦྲང་ཆར་སྲིད། 

མ་མགར་རྩེ་མོ་རྣམ་གསུམ་ཅི་ཁེད།

ལན།    རྭ་རྩེ།

          བྲག་རྩེ།

          མདུང་རྩེ།

སྡེར་མོ་ཅན་གྱི་རྩྭ་གཟན་གསུམ་ཅི་ཁེད།

ལན།   རྨ་བྱ་སྔོན་མོས་དུག་རྩྭ་ཟ།

ཐང་དཀར་རྒོད་ཀྱིས་བྲག་རྩྭ་ཟ།

ངང་བ་སེར་བོས་འདམ་རྩྭ་ཟ།

སྡེར་ཐོག་གསུམ་གྱི་སྒོང་འཇོག་གསུམ་ཅི་ཁེད།

ལན།  སྲེ་མོང་དམར་མོས་ཁྲག་སྒོང་འཇོག།

       གཡུ་འབྲུག་སྔོན་མོས་གཡུ་སྒོང་འཇོག།

       སེང་གེ་དཀར་མོས་དུང་སྒོང་འཇོག།

མགར་བའི་རྩེ་མོ་རྣམ་བཞི་ཅི་ཁེད།

ལན།    ཁབ་རྩེ།

 འབིག་རྩེ།

          གྲི་རྩེ།

          མདུང་རྩེ།

ཨ་འབུམ་མ་འབུམ་བཞི་ཅི་ཁེད།

ལན།  ཀླད་པ་ཀོར་མོའི་མན་ཆད་ཀྱི།

       ཐོད་པ་ལེབ་མོའི་ཡན་ཆད་ཀྱི།

       སྐྲ་ནག་པོའི་སྐྱེ་ཚུལ་ཁྲི་མ་འབུམ།

       ཐོད་པ་ལེབ་མོའི་མན་ཆད་ཀྱི།

       སྣ་ཁུང་སྦུ་གུའི་ཡན་ཆད་ཀྱི།

       མིག་ཁྲ་རིལ་ལྟ་ཚུལ་ཁྲི་མ་འབུམ།

       སྣ་ཁུང་སྦུ་གུའི་མན་ཆད་ཀྱི།

       མ་ནེ་སྒུར་རེ་ཡན་ཆད་ཀྱི།

       ལྕེ་དར་མའི་བཤད་ཚུལ་ཁྲི་མ་འབུམ།

       མ་ནེ་སྒུར་རེ་མན་ཆད་ཀྱི།

       དང་ག་ལེབ་མོའི་ཡན་ཆད་ཀྱི།

       སེམས་སྐྱ་མོའི་དྲན་ཚུལ་ཁྲི་མ་འབུམ།

ཨ་འདྲ་བ་འདྲ་བཞི་ཅི་ཁེད།

ལན།   ཤྭ་ཁིས་ནས་བུད་ན་མདུང་བཟུང་འདྲ།

         རྐྱང་ཐང་ནས་ཞོགས་ན་རྟ་དེད་འདྲ།

འཕྱི་ཁུང་ཁར་གྲགས་ན་བུ་ཆུང་འདྲ།

ལུག་རྫི་ཐོད་ནས་བསྡད་ན་སོ་བ་འདྲ།        

རྙེད་པ་ལྔ་ཅི་ཁེད།

ལན།   ཁབ་རོ་བོར་བ་རྒོད་ཀྱིས་རྙེད།

རྒོད་རོ་བོར་བ་གོ་བོས་རྙེད།

གོ་རོ་བོར་བ་གླག་གིས་རྙེད།

གླག་རོ་བོར་བ་བྱིའུ་ཡིས་རྙེད།

བྱིའུ་རོ་བོར་བ་བ་ཡིས་རྙེད།

བ་མོ་ལྡོམ་ནས་རྫ་མཐར་ཉུལ། 

ཨ་འགུག་ག་འགུག་དྲུག་ཅི་ཁེད།

ལན།  འདོ་རིག་རྟ་བོ་ཆས་ཀྱིས་འགུག།

        མཛོ་མོ་དྲི་མ་སྐད་ཀྱིས་འགུག།

        འཕར་བ་དམར་ཆུང་ཕེ་ཀྱིས་འགུག།

        རི་བོང་ཕར་ལོག་སྤ་ཡིས་འགུག།

        ཐང་དཀར་རྒོད་པོ་ཐེད་ཀྱིས་འགུག།

        རི་སྤྱང་སྔོན་མོ་གཟན་གྱིས་འགུག།

ཨ་དྲུག་པ་དྲུག་ཅི་ཁེད།

ལན།   ཐོད་པ།    ཀླད་པ།   མཆིན་པ།

མཁྲིས་པ།   སྒྱིད་པ།    རྩིད་པ། 

རྒོད་པོའི་མཁོ་དྲུག་ཅི་ཁེད།

ལན།  མིག་ཟུང་ཆུ་ཤེལ་དྭངས་མོ་དེ།

        ཐག་རིང་གྲོ་ཁ་འཚོལ་ཉིན་མཁོ།

མཆུ་ཏོ་ལྕགས་ནག་སྦུ་གུ་དེ།

རྩིབ་གུའི་བར་འཚང་འབྲུ་ཉིན་མཁོ།

ཡ་མཆུ་ཨ་མོ་འགུག་ཡག་འདི།

ཉྭ་ཤའི་སྒྱུས་པ་ལེན་ཉིན་མཁོ།

མ་མཆུ་སྨུག་པོ་སྒྲོ་ཡག་འདི།

ལུས་ཀྱི་ཟུངས་ཁྲག་གཞིབ་ཉིན་མཁོ།

གཤོག་པ་སུམ་བརྒྱ་དྲུག་ཅུ་འདི།

བར་སྣང་ཁམས་ལ་འཕུར་ཉིན་མཁོ།

སྡེར་མོ་ནོར་བུ་སུམ་འཛོམས་འདི།

ཤིང་གི་རྩེ་ལ་འབབ་ཉིན་མཁོ། 

འཛམ་བུ་གླིང་གི་རང་གྲུབ་དྲུག་ཅི་ཁེད།

ལན།   རིའི་རྒྱལ་བོའི་རི་རབ་རྩེ་མོ་དེ།

བཞེངས་ནི་མ་རེད་རང་སྐྱེས་རེད།

ཤར་ཤིང་ཁམས་རྒྱལ་བོའི་བླ་ཤིང་དེ།

བཙུགས་ནི་མ་རེད་རང་སྐྱེས་རེད།

ལྷོ་མེ་ཁམས་རྒྱལ་བོའི་མེ་རི་དེ།

མེ་བུས་ནི་མ་རེད་རང་འབར་རེད།

ནུབ་ལྕགས་ཁམས་རྒྱལ་བོའི་གཏེར་ཁ་དེ།

གཏེར་སྦས་ནི་མ་རེད་རང་གྲུབ་རེད།

བྱང་ཆུ་ཁམས་རྒྱལ་བོའི་བླ་མཚོ་དེ།

མཚོ་བསྐྱིལ་ནི་མ་རེད་རང་འཁྱིལ་རེད།

ཉིན་མཚན་མོ་གཉིས་ཀ་བརྗེ་བ་འདི།

བརྗེ་ནི་མ་རེད་རང་འཁོར་རེད། 

སྒོ་མོ་ཕྱེ་བ་དྲུག་ཅི་ཁེད།

ལན།  དམ་པའི་ཆོས་སྒོ་གང་གིས་ཕྱེས།

དམ་པའི་ཆོས་སྒོ་སྤོས་ཀྱིས་ཕྱེས།

སྤོས་ཀྱི་སྒོ་མོ་གང་གིས་ཕྱེས།

སྤོས་ཀྱི་སྒོ་མོ་མེ་ཡིས་ཕྱེས།

གཡུང་དྲུང་བོན་སྒོ་གང་གིས་ཕྱེས།

གཡུང་དྲུང་བོན་སྒོ་དུང་གིས་ཕྱེས།

རྔ་ཡི་སྒོ་མོ་གང་གིས་ཕྱེས།

རྔ་ཡི་སྒོ་མོ་ཤིང་གིས་ཕྱེས།

ཁྲོམ་པའི་སྒོ་མོ་གང་གིས་ཕྱེས།

ཁྲོམ་པའི་སྒོ་མོ་ཆང་གིས་ཕྱེས།

ཆང་གི་སྒོ་མོ་གང་གིས་ཕྱེས།

ཆང་གི་སྒོ་མོ་གླུ་ཡིས་ཕྱེས། 

ཨ་མཁོ་བ་དྲུག་ཅི་ཁེད།

ལན།   རྒོད་ཐང་དཀར་རྒྱབ་ཀྱི་སྤུ་སྣ་འདི།

བུ་མོ་གནས་ལ་འགྲོ་དུས་མཁོ།

མིག་རྡོ་ཁྲོ་ཆུ་བླུགས་མ་འདི།

ས་ཐག་རིང་རྒྱང་བལྟ་བྱེད་དུས་མཁོ།

ཡ་ཁའི་མཆེ་བ་ནག་པོ་འདི།

ཚོན་པོ་ཚིལ་སྐྱ་ཟ་དུས་མཁོ།

མ་ཁའི་མཆེ་བ་ནག་པོ་འདི།

སྒྱིད་པའི་ཉྭ་ཤ་བྲུ་དུས་མཁོ།

དིང་རུ་ལྷུ་ཆེན་བཅུ་གཉིས་འདི།

དགུང་ཨ་སྔོན་ནམ་འཕང་བསྟོད་དུས་མཁོ།

ལྕགས་ཀྱི་སྡེར་གསུམ་སྐྱ་བོ་འདི།

ས་ནག་པོའི་སྟེང་ལ་འབབ་དུས་མཁོ།

གླ་ཡི་ཐེ་དྲུག་ཅི་ཁེད།

ལན།   གླ་མགོ་དྲེད་ལ་ཐེ།

གླ་ལྤགས་གོས་ལ་ཐེ།

གླ་རྩི་སྨན་ལ་ཐེ།

གླ་ཚིལ་དུང་ལ་ཐེ།

གླ་སྤུ་ཚེར་མ་ཐེ།

གླ་ཁྲག་སྤྱིན་ལ་ཐེ། 

ཨ་དྲབ་དྲབ་དྲུག་ཅི་ཁེད།

ལན།   འབུ་ནག་བལ་གསེང་ན་དྲབ་དྲབ་དྲབ།

དུག་སྡོམ་གྱང་ངོས་ན་དྲབ་དྲབ་དྲབ།

གྲོག་མ་ཁུང་སྒོ་ན་དྲབ་དྲབ་དྲབ།

བོང་བུ་དར་ཐོག་ན་དྲབ་དྲབ་དྲབ།

ཤིག་སྐྲ་གསེང་ན་དྲབ་དྲབ་དྲབ།

སྦལ་བ་ཞིང་ནང་ན་དྲབ་དྲབ་དྲབ། 

གཡག་སོ་དྲུག་ཅིག་ལ་པ་དྲུག་ཡོད་པ་ཅི་ཁེད།

ལན།   ཀླད་པ།   ཐོད་པ།  རྒྱུད་པ། 

རུས་པ།   རྩིད་པ།  མཆིན་པ།

ཨ་མ་མ་དགུ་ཅི་ཁེད།

ལན།    ཨ་མ།  རྒོད་མ།  རྟེའུ་མ།  རྒྱུ་མ།  སྙེག་མ། 

          མཁལ་མ།  རྔོག་མ།  རྔ་མ།  ནུ་མ།

མེད་ལ་མེད་དགུ་ཅི་ཁེད།

ལན།   འདོ་རིགས་རྟ་བོར་རྭ་ཅོ་མེད།

         ཐོད་དཀར་འབྲི་མོར་ཡ་སོ་མེད།

         སྐྱ་ཀ་ཕྲ་མོར་མཁལ་ཡས་མེད།

         ནམ་མཁའི་བྱ་ལ་གློ་བ་མེད།

         མགོ་ནག་མི་ལ་རྔ་མ་མེད།

ནག་པོ་ཁྱི་ལ་ཕྱི་རྟིང་མེད།

ཙི་གུ་ར་མ་མགོ་འཛིན་མེད།

རི་བོང་ཕར་ལོག་མཚེར་བ་མེད།

གཡང་མོ་ལུག་ལ་ཁལ་འགེལ་མེད། 

ཨ་མཚར་མཚར་དགུ་ཅི་ཁེད།

ལན།  ཐང་བདའ་ནི་མེད་ལ་བདེ་ནི་གན་ཨ་མཚར་རོ།

        རྩི་ཐོ་ཁ་མིག་མེད་ལ་ཤུབ་སྒྲ་གྲགས་ནི་གན་ཨ་མཚར་རོ།

        ཆུ་བོ་འཁྲིད་ནི་མེད་ལ་བཞུར་ནི་གན་ཨ་མཚར་རོ།

        གནམ་འགྱོག་ནི་མེད་ལ་མཐོ་ནི་གན་ཨ་མཚར་རོ།

  ལམ་རྐོ་ནི་མེད་ལ་དྲང་ནི་གན་ཨ་མཚར་རོ།

རིལ་མ་རྐང་ལག་མེད་ལ་ལྡིང་ནི་གན་ཨ་མཚར་རོ།

         བྲག་རྩིག་ནི་མེད་ལ་མཐོ་ནི་གན་ཨ་མཚར་རོ།

         རྡོ་ཕ་མ་མེད་ལ་འཕེལ་ནི་གན་ཨ་མཚར་རོ།

         བྱ་ནུ་མ་མེད་ལ་ཕྲུ་གུ་གསོ་ནི་གན་ཨ་མཚར་རོ།

ཨ་ཐེ་ཐེ་དགུ་ཅི་ཁེད།

ལན།   གླ་རྩི་སྨན་ལ་ཐེ།

གླུ་སྤུ་ཚེར་མ་ཐེ།

གླ་མགོ་ར་མ་ཐེ།

གླ་སུག་དགོ་ལ་ཐེ།

གླ་རྨིག་མཆོང་ལ་ཐེ།

གླ་ཁྲག་ཚོན་ལ་ཐེ།

གླ་མཆེ་བ་སོར་ཐེ།

       གླ་པགས་གོས་ལ་ཐེ།

གླ་རྔ་སྐྱུར་ལ་ཐེ།

ཨ་ཆགས་ཆགས་དགུ་ཅི་ཁེད།

ལན།   ས་ཐོག་ལ་རྡོ་ཆགས།

རྡོ་ཐོག་ལ་ཆུ་ཆགས།

ཆུ་ཐོག་ལ་དར་ཆགས།

དར་ཐོག་ལ་རྟ་ཆགས།

རྟ་ཐོག་ལ་སྒ་ཆགས།

         སྒ་ཐོག་ལ་མི་ཆགས།

མི་ཐོག་ལ་ཞྭ་ཆགས།

ཞྭ་ཐོག་ལ་ཏོག་ཆགས།

ཏོག་ཐོག་ལ་གནམ་ཆགས།

ཨ་དཀའ་དཀའ་དགུ་ཅི་ཁེད།

ལན།   བྱེ་མའི་ཁུག་ནས་སྦྲ་ཕུབ་དཀའ།

         ཆུ་ཆེན་དཀྱིལ་ནས་རྗེས་ཕབ་དཀའ།

         བོའུ་ཁྲ་རིང་ཁུར་ནས་ཞགས་འདེབས་དཀའ།

སྐེད་འཁོར་གསུམ་གོན་ནས་ཧྲག་འཛུལ་དཀའ།

         མགོ་ཝ་མོ་གོན་ནས་མེ་འབུད་དཀའ།

   རྒྱབ་དུང་ར་ཅན་གྱིས་དར་ཤུད་དཀའ།

ཁ་དཀར་རྐྱང་ལ་མཐུར་བསྐོན་དཀའ།        

         ས་ནག་ན་ནས་རྟ་རྒྱུག་དཀའ།     

         བྲག་དམར་དཀྱིལ་ནས་བོའུ་འཕེན་དཀའ།         

བྲེ་སེར་འབྲོང་གི་མཚོ་དགུ་ཅི་ཁེད།

ལན།   ཀོ་བ་རྩིད་པའི་མཚོ་མོ།

         གློ་བ་དབུགས་ཀྱི་མཚོ་མོ།

         སྙིང་དམར་ངར་གྱི་མཚོ་མོ།

         ཡ་ཆུང་ཁྲག་གི་མཚོ་མོ།

         གྲོད་པུ་རྩྭ་ཡི་མཚོ་མོ།

         རྐང་དུང་མར་གྱི་མཚོ་མོ།

         རྣ་བ་རླུང་གི་མཚོ་མོ།

         རྒྱུ་མ་རྙང་བའི་མཚོ་མོ།

         མཁལ་མ་ཚིལ་གྱི་མཚོ་མོ། 

ར་མའི་སྟེང་གི་མ་དགུ་ཅི་ཁེད།

ལན།    ར་མ་ནུ་མ་འོ་མ་དང་།

རྒྱུ་མ་རིལ་མ་རྔ་མ་དང་།

མཁལ་མ་སྙེག་མ་ཤ་མ་བཅས།

ར་མའི་སྟེང་གི་མ་དགུ་ཡིན།

 རྐྱང་ཁ་དཀར་ཞིག་ལ་འདྲ་དགུ་ཅི་ཁེད།

ལན།  རྐྱང་ལ་ཁར་ཐོན་དུས་སོ་བ་འདྲ།

        རྐྱང་ལ་ཁུག་ཐོན་དུས་ཉུལ་མ་འདྲ།

        རྐྱང་ཐང་ན་འགྲོ་དུས་ལྕི་འཐུ་འདྲ།

        རྐྱང་ཆུ་ཁར་ཐོན་དུས་ཆུ་ལེན་འདྲ།

        ཁྲ་ཐར་རེ་འགྲོ་དུས་ཁྲམ་པ་འདྲ།

        དམར་སོབ་བེ་འཚོགས་དུས་ཚོགས་པ་འདྲ།

        ཁ་ཕར་འཁོར་རྐང་ཐང་ལུག་ཁྲིད་འདྲ།

        ཁ་ཚུར་འཁོར་ཁྲམ་པ་དུ་འཐེན་འདྲ།

 ཨ་ཡིན་ན་ཡིན་དགུ་ཅི་ཁེད།

ལན།   ཁྱུང་ཆེན་བྱ་བརྒྱའི་དཔོན་པོ་ཡིན།

         ཕོ་རོག་བྱ་བརྒྱའི་ཕོ་ཉ་ཡིན།

         ངང་བ་བྱ་བརྒྱའི་བན་ཆུང་ཡིན།

         རྨ་བྱ་བྱ་བརྒྱའི་འཆོར་བོ་ཡིན།

         སྐྱ་ཀ་བྱ་བརྒྱའི་བག་མ་ཡིན།

         གོང་མོ་བྱ་བརྒྱའི་སྨན་པ་ཡིན།

         ཁུ་བྱུག་བྱ་བརྒྱའི་གླུ་བ་ཡིན།

         བྱེའུ་བྱ་བརྒྱའི་ནས་རྔོ་ཡིན།

      ཕུག་རོན་བྱ་བརྒྱའི་ཐལ་འབོ་ཡིན།

 ཨ་བཅུ་ཆ་བཅུ་ཅི་ཁེད།

ལན།   ཨ་གཅིག་ཆ་གཅིག་བསེ་རུ་རྭ་གཅིག།

         ཨ་གཉིས་ཆ་གཉིས་ར་མ་ནུ་གཉིས།

         ཨ་གསུམ་ཆ་གསུམ་སྒྱེད་པུ་མགོ་གསུམ།

      ཨ་བཞི་ཆ་བཞི་མཛོ་མོ་ནུ་བཞི།

      ཨ་ལྔ་ཆ་ལྔ་མཛུབ་གུ་སྤུན་ལྔ།

         ཨ་དྲུག་ཆ་དྲུག་སྐར་མ་སྨིན་དྲུག།

         ཨ་བདུན་ཆ་བདུན་སྐར་མ་སྨེ་བདུན།

         ཨ་བརྒྱད་ཆ་བརྒྱད་ཤ་བོ་རྭ་བརྒྱད།

         ཨ་དགུ་ཆ་དགུ་སྲིན་པོ་མགོ་དགུ།

                   ཨ་བཅུ་ཆ་བཅུ་ཁྱི་མོ་ནུ་བཅུ།


སྐབས་སྔོན་མ། བཅུ། རྩེད་ཆས་ཀྱི་སྐོར།
སྐབས་རྗེས་མ། བཅུ་གཉིས། གཞན་དག་གི་སྐོར།
མཉམ་སྤྱོད།