དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་མདོ་ལའི་ནོར་ནག་གི་རྒྱལ་ཁབ་རྒྱུད་འཛིན་ཐོན་ཁུངས་མིང་ཐོའི་རེ་ཞུ་འགྲོས་མགྱོགས་སུ་ཕྱིན།

2025-06-19 14:24:51   |   11

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་ཀྱི་ཕྱུགས་ཟོག་གི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་དང་འདོན་སྤེལ་ལ་ཤུགས་སྣོན་པ་དང་མདོ་ལའི་ནོར་ནག་རྒྱལ་ཁའི་ངང་རྒྱལ་ཁབ་ཕྱུགས་ཟོག་གི་རྒྱུད་འཛིན་ཐོན་ཁུངས་མིང་ཐོ་ནང་ཚུད་པ་ལ་སྐུལ་འདེད་གཏོང་ཆེད། ཟླ6པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཀྲུང་གོ་ཞིང་ལས་ཚན་རིག་གླིང་ལན་ཀྲུ་ཕྱུགས་ཟོག་དང་ཕྱུགས་སྨན་ཞིབ་འཇུག་སོའུ་དང་། རྒྱལ་ཁབ་བ་ཕྱུགས་ནོར་ནག་ཐོན་ལས་ལག་རྩལ་མ་ལག་མཚོ་བྱང་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་བཅས་ཀྱི་ཆེད་མཁས་པའི་ཚོགས་པ་ས་གནས་སུ་ཆེད་དོན་དཔྱད་གླེང་དང་འཆར་འགོད་འཐེན་པར་ཞུས། མདོ་ལ་རྫོང་གིས་ཐེངས་འདིའི་རེ་ཞུ་ལས་དོན་ནི་ཕྱུགས་ལས་གོང་སྤེལ་གྱི་འཇུ་བྱེད་གལ་ཆེན་དུ་བཟུང་བ་དང་། “སྲིད་གཞུང་གིས་སྣེ་ཁྲིད་དང་ཚན་རྩལ་གྱིས་འདེགས་སྐྱོར། ཕྱོགས་མང་པོས་མཉམ་འབྲེལ”གྱི་མཐུན་སྦྱོར་སྟེགས་བུ་བསྐྲུན་པ་བརྒྱུད་ཚན་ཞིབ་ལས་ཁུངས་དང་མཉམ་འབྲེལ་སྒོས་ཆེད་དོན་ལས་དོན་ཚན་པ་བཙུགས་པ། ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་ཀྱི་མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་བཙུགས་ནས་རེ་ཞུ་ལས་དོན་ལ་འགྱུར་མེད་ཀྱི་རྩ་འཛུགས་འགན་སྲུང་མཁོ་འདོན་བྱས། 

དཔྱད་གླེང་ཚོགས་འདུའི་སྟེང་མདོ་ལ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ། ཆེད་མཁས་ཚན་པས་རྒྱལ་ཁབ་ཕྱུགས་ཟོག་རྒྱུད་འཛིན་ཐོན་ཁུངས་མིང་ཐོའི་རེ་ཞུ་ཡི་ཚད་གཞི་ལྟར་ནོར་ནག་གསོ་སྤེལ་ཁྱུ་ཚོགས་ལ་ཡུལ་དངོས་ནས་ལྟ་ཞིབ་དང་རེ་ཞུའི་ཡིག་ཚགས་དཔྱད་གཞི་ལ་ཞིབ་ཕྲས་ཀློག་པ་བརྒྱུད། མདོ་ལའི་ནོར་ནག་གི་ཐུན་མིན་ཁྱད་གཤིས་དང་ཁྱུ་ཚོགས་ཀྱི་གཞི་ཁྱོན། དཔྱད་གཞི་ཡིག་ཚགས་སོགས་ལྟེ་བའི་རྒྱུ་ཆ་དང་སྦྱར་ནས་དཔྱད་གླེང་གཏིང་ཟབ་སྤེལ། གླེང་མོལ་གང་ལེགས་བརྒྱུད་རེ་ཞུའི་ལས་དོན་ཐད་ཐུན་མོང་ངོས་འཛིན་གཉིས་གྲུབ་སྟེ་གཅིག་ནི་དཔྱད་གཞིའི་སྤུས་ཚད་མཐོ་རུ་བཏང་སྟེ་རེ་ཞུའི་རྨང་གཞི་བརྟན་པོར་བསྐྲུན་དགོས། རྒྱུད་འཛིན་སྣ་མང་རང་བཞིན་གྱི་ཞིབ་བཤེར་གཞི་གྲངས་དང་རིགས་རྒྱུད་ཀྱི་ལོ་རྒྱུས་འཕེལ་འགྱུར་སོགས་ནང་དོན་གཙོ་བོར་དམིགས་ནས་རེ་ཞུའི་དཔྱད་གཞིའི་མ་ལག་སྔར་བས་འཐུས་ཚང་དང་། ཡིག་ཚགས་དཔྱད་གཞིའི་ལུགས་མཐུན་གཟབ་ནན་དང་ནང་དོན་ཆ་འགྲིག་ལ་ཁག་ཐེག་བྱས་ནས་མདོ་ལའི་ནོར་ནག་གི་ཐུན་མིན་ཁྱད་གཤིས་དང་ལོ་རྒྱུས་ཀྱི་རིན་ཐང་ཕྱི་རུ་མངོན་དགོས། གཉིས་ནི་ཡུན་ཕན་འཕེལ་རྒྱས་ལ་དམིགས་ནས་སྲུང་སྐྱོང་ལམ་བུ་གསར་དུ་གཏོད་དགོས། རེ་ཞུ་ལས་དོན་ནི་གོ་སྐབས་སུ་བྱས་ནས“སྲུང་སྐྱོང+རིག་གནས”ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་སྒོས་མདོ་ལའི་ནོར་ནག་གི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་དང་ས་གནས་ཀྱི་ཐུན་མིན་རིག་གནས་དང་གཏིང་ཟབ་མཉམ་འདྲེས་བརྒྱུད། ནོར་ནག་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་རིག་གནས་ལས་བསྐྱེད་པའི་ཐོན་རྫས་གསར་སྤེལ་སོགས་ཀྱི་རྣམ་པས་སྐྱེ་ཁམས་ཕན་ནུས་དང་དཔལ་འབྱོར་ཕན་འབྲས་མཉམ་རྒྱལ་མངོན་འགྱུར་བྱ་དགོས། 

དཔྱད་གླེང་གི་གྲུབ་འབྲས་ལ་གཞི་བཅོལ་ནས་མདོ་ལ་རྫོང་གིས་ཚན་ཞིབ་ལས་ཁུངས་ཀྱི་ལག་རྩལ་སྟོབས་ཤུགས་ལ་བརྟེན་ཆེད་དོན་ཚན་ཞིབ་རུ་དཔུང་བཙུགས་ནས་རྒྱུད་འཛིན་ཁྱད་གཤིས་ཞིབ་འཇུག་དང་། ནོར་ནག་རྒྱུད་འཛིན་སྣ་མང་རང་བཞིན་གྱི་ཚད་ལེན་གཞི་གྲངས་མགྱོགས་མྱུར་ཁ་གསབ་འཐུས་ཚང་དུ་བཏང་ནས་རེ་ཞུའི་དཔྱད་གཞིའི་ཚན་རིག་རང་བཞིན་དང་གོ་སྐོན་རང་བཞིན་མཐོ་རུ་གཏོང་དགོས། དུས་མཉམ་དུ་རྒྱལ་ཁབ་ཕྱུགས་ཟོག་རྒྱུད་འཛིན་ཐོན་ཁུངས་ཨུ་ཡོན་ལྷན་ཁང་དང་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་འཛུགས་པ། ཡུལ་དངོས་ཞིབ་དཔྱད་ཀྱི་གྲ་སྒྲིག་ཇུས་གཞི་སྔོན་ནས་བཟོ་བ་དང་རེ་ཞུ་བརྒྱུད་རིམ་གྱི་ལྷུ་ཚིགས་སོ་སོ་ཞིབ་ཚགས་སུ་གཏོང་བ། མདོ་ལའི་ནོར་ནག་རྒྱལ་ཁབ་ཕྱུགས་ཟོག་རྒྱུད་འཛིན་ཐོན་ཁུངས་མིང་ཐོ་ནང་ཚུད་པར་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་སྣོན། 



མཉམ་སྤྱོད།