དེ་རིང་ནི2025ལོའི་ཟླ07པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་གྱི་མདོ་ལའི་ཉིན་དང་པོར། མཛེས་ལྗོངས་དང་འགྲོས་རྩལ་མཉམ་དུ་མངོན་ཏེ་མདོ་ལའི་སྙན་པ་ཕྱོགས་ཀུན་ཁྱབ།

2025-07-10 11:01:51   |   1221

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས9ཉིན། 2025ལོའི“ཀྲུང་གོའི་བཟོ་ཚོང་དངུལ་བུམ་རྟགས་མའི”རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུགས་སྐབས་ཉེར་བཞི་པའི་འགྲམ་མཚམས་བཞི་པ་སྟེ་འཇུ་ལག་ནས་མདོ་ལའི་བར་གྱི་འགྲན་མཚམས་མགོ་བརྩམས་ཤིང་། འགྲན་ཞུགས་པ་ཚོས་མདོ་ལའི་འགྲན་མཚམས་ཀྱི་ཉིན་དང་པོའི་འགྲན་སྡུར་ཁྲོད་རང་ངོས་ཀྱི་དཀའ་ངལ་ལ་གདོང་གིས་གཏད་ཅིང་འགྲན་སྡུར་གྱི་དྲིལ་སྒྲོག་ཁྲོད་ནས་མདོ་ལ་ས་ཆའི་ཐུན་མིན་ཁྱད་ཆོས་ཕྱི་རུ་མངོན་ཞིང་སྙན་པ་ཕྱོགས་བཞིར་གྲགས། 

640.jpg

འགྲན་སྡུར་གྱི་ཉིན་མོར་འཇུ་ལག་ནས་མགོ་བརྩམས་ཤིང་མདོ་ལའི་ཕྱོགས་སུ་བཞུད། གཞུང་ལམ་བརྒྱུད་ནས་མཁར་དམར་གནའ་གྲོང་གི་ས་ཚིགས་ལ་ཐོན་དུས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་འདི་རུའང་མི་ཚོགས་འདུས་ནས་འདུ་འཛིའི་ཡོ་ལང་རྒྱས། མཁར་དམར་གནའ་གྲོང་ནི་མཚོ་སྔོན་ནས་རྨ་ནུབ་དོག་ལམ་དུ་བསྐྱོད་པའི་འགག་མདོ་རུ་གནས་ཤིང་ཡོན་རྒྱལ་རབས་ནས་བསྐྲུན་མགོ་བརྩམས་ལ། སྔོན་དར་གོས་ལྷོ་ལམ་གྱི་ས་ཚིགས་གལ་ཆེན་ཡིན། ལོ་རྒྱུས་སྟེང་གྲངས་མེད་པའི་ཚོང་འགྲུལ་རྔ་མོང་གི་རུ་ཁག་དང་གཡུལ་གྱི་འཐབ་འགྱེད་མང་པོ་འདི་རུ་བཤམས་མྱོང་། ད་ནི་མཁར་དམར་གནའ་གྲོང་དུ་ལྕགས་རྟ་འགྲན་རྒྱུགས་ཀྱི་གསོན་ཤུགས་དང་ཡོ་ལང་ཁྱེར་ཡོང་ནས་སྲོལ་རྒྱུན་དང་དེང་རབས་གནས་འདི་རུ་མཉམ་འདྲེས་བྱུང་།

640 (1).jpg

ཀུན་གྱི་མིག་དབང་འཕྲོག་པའི་གཞུང་ལམ་ཨང9པ་རུ་འགྲན་ཞུགས་པ་ཚོས་གློག་ལྟར་མྱུར་བའི་བང་རྩལ་ངོམས། གཞུང་ལམ་ནི་མདོ་ལ་རིང་མོའི་རི་གསེང་ན་རྒྱུ་ཞིང་གཞོགས་གཅིག་ནི་རྔམ་བརྗིད་ཀྱི་གངས་རི་ཡིན་ལ། གཞོགས་གཅིག་ནི་རྒྱ་ཆེ་བའི་རྩྭ་ཐང་ཡིན། མིག་གིས་ཟིན་ཚད་དུ་མདོ་ལ་རིང་མོའི་གངས་ཀྱི་རི་བོར་འོད་མདངས་འཕྲོ་ཞིང་གཡའ་དག་པའི་ནམ་མཁའ་རུ་སྤྲིན་དཀར་ནི་ཚོམ་བུ་ཚོམ་བུར་གནས་པས“ལྷ་ཁམས་མདོ་ལ། ལྗང་མདོག་རྩྭ་ཐང”གི་ཆེས་མཛེས་པའི་རི་མོར་གྲུབ། གཞུང་ལམ་རྒྱུད་དུ་ཁྱུ་དང་ཁྱུ་བྱས་པའི་མདོ་ལའི་བོད་ལུག་མཐོང་རྒྱུ་ཡོད་ལ་ས་གནས་མང་ཚོགས་རྟ་ལ་ཞོན་ནས་ལག་ཏུ་རྒྱལ་དར་དམར་པོ་ཐོགས་ཏེ་འགྲན་སྡུར་ལ་བསུ་མ་བྱེད་བཞིན་པ་མཐོང་རྒྱུ་ཡོད། 

640 (2).jpg

འདི་ནི་ལུས་རྩལ་འགྲན་སྡུར་རྐྱང་བ་ལས་འདས་ཏེ་མདོ་ལའི་རིག་གནས་དང་ཡུལ་ལྗོངས་ཕྱི་རུ་མངོན་པའི་སྟེགས་བུ་ཆེན་པོ་ཞིག་ཏུ་གྱུར། འགྲན་སྡུར་ནི་སྨྱན་བྱེད་རིགས་ཆེན་མོ་སོ་སོ་ཡིས་རྒྱ་ཆེར་དྲིལ་སྒྲོག་བྱས་པ་བརྒྱུད་རྒྱ་ཆེ་བའི་ལྟད་མོ་པར་མདོ་ལའི་ཐུན་མིན་གྱི་རང་བྱུང་གི་བཀོད་པ་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྨང་ཉམས་སུ་མྱོང་དུ་བཅུག མདོ་ལ་རྫོང་གིས་ཀྱང་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་གྱི་སྟེགས་བུ་འདི་ལ་བརྟེན་ནས་ཡུལ་སྐོར་དང་མདོ་ལའི་བོད་ལུག་སོགས་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་། ཉེ་བའི་ལོ་འདི་དག་གི་རིང་འགྲན་སྡུར་གྱི་རྒྱུན་མུ་མཐུད་དུ་སྤེལ་བ་བརྒྱུད་ཧ་ཅང་མང་པོའི་ཡུལ་སྐོར་པ་མདོ་ལ་རུ་ཐོན་ཞིང་གནས་འདི་ཡི་རི་ཆུ་ལུང་གསུམ་དང་དམངས་སྲོལ་གོམས་གཤིས་ཉམས་སུ་མྱངས་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན། 



མཉམ་སྤྱོད།