དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་མདོ་ལའི་ཨ་མྱེས་སྟོང་སོའི་སྒར་འདེབས་རྟེན་གཞིའི་སྐྱེ་ཁམས་ཡུལ་སྐོར་བྲིན་པོ་བྱུང་།

2025-07-24 09:54:44   |   1388

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རིང་མོའི་ཤར་རྒྱུད་ཀྱི་ནགས་ཀློང་དུ་ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་ནི་ཐུན་མིན་གྱི་སྐྱེ་ཁམས་མཛེས་པ་དང་མི་ཆོས་དྲོད་ཚད་ལ་བརྟེན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་ཞིག་ཏུ་གྱུར་ཡོད།

གཉེར་སྐྱོང་བྱེད་མགོ་ཚུགས་ཚུན་གངས་རི་དང་ནགས་ཚལ་གྱིས་བསྐོར་བའི་སྒར་ས་དེས་ཡུལ་སྐོར་བར་རང་བྱུང་ཁམས་དང་ཉེ་བའི་སྤུས་ཚད་མཐོ་བའི་ཉམས་ཚོར་སྦྱིན་པར་མ་ཟད། སྐྱེ་ཁམས་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་གསར་གཏོད་བྱེད་སྟངས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ནས་མདོ་ལ་རྫོང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན།

“ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི་དེ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་སྟོང་སོ་ཆེ་བ་སྡེ་བའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་གཉིས་སར་གནས་པ་དང་། རྟེན་གཞིར་ཁྱོན་མ་དངུལ་སྒོར་ཁྲི1450བཏང་བའི་ནང་ཧྲན་ཏུང་མཚོ་སྐྱོར་མ་དངུལ་སྒོར་ཁྲི1000བཏང་། མ་དངུལ་དེ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་ཐད་སྤྱད་པ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་གྱི་གནས་སྤོས་ཡུལ་མིའི་སྡེ་བ་བཞིར་ལོ་ལྟར་ཁེ་སྤོགས་སྒོར་ཁྲི5རེ་བགོ་རྒྱུ་ཡོད།” མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའི་ཅུ་ཀྲང་གཞོན་པ་ཧྥེང་ལིང་ལིང་གིས་ན་ནིང་མ་དངུལ་སྒོར་ཁྲི150བཏང་ནས་སྒར་འདེབས་རྟེན་གཞིར་མདོ་ལ་རྫོང་གི་སྟོང་སོའི་གསར་བརྗེའི་རིག་གནས་སྐྱེ་ཁམས་རྐང་ཐང་ལམ་ཐིག་གི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་བསྐྲུན།

མིག་སྔའི་བར་བརྗོད་དོན་མི་འདྲ་བའི“རྐང་བགྲོད+གསར་བརྗེའི་ཞིབ་འཇུག་སློབ་སྦྱོང”བྱེད་སྒོ་ཐེངས50ལྷག་སྤེལ་ཞིང་། ཞུགས་མཁན་མི་གྲངས3000ལྷག་ཙམ་ཟིན་ཡོད་པ་རེད། དེ་དང་ཆབས་ཅིག་རྟེན་གཞིས་རིག་གནས་ཀྱི་ནང་དོན་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རྩོམ་པ་པོ་བསོད་ནམས་ཚེ་རིང་གི་གསར་རྩོམ་རྟེན་གཞི་དང་། ཨའོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཆོས་དབྱིངས་སྐྱིད་ནགས་ཚལ་ལུས་གསོའི་རྟེན་གཞི་བཙུགས་ནས་ཞིང་ལས་རིག་གནས་ཡུལ་སྐོར་ཚོང་པའི་ལས་རྣམ་གསར་པའི་འཕེལ་རྒྱས་དང་མདོ་ལའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན། 2024ལོའི་ཟླ6པར་སྒོ་ཕྱེ་བའི་ཚུན་དུ་རོང་འབྲོག་པར་འབབ་འཕར་སྒོར་ཁྲི40ལྷག་བྱུང་བ་དང་ཡུལ་སྐོར་བ་མི་ཐེངས་ཁྲི6ལས་བརྒལ་བ་སྣེ་ལེན་བྱས།

སྒོ་ཕྱེ་ཚུན་ནས་ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞིར་མི་གྲངས་ཀྱི་རྒྱུན་མ་ཆད། དུས་ཆེན་དང་གུང་གསེང་རིང་དེ་གར་དགའ་སྐྱིད་དཔལ་གྱི་རྒྱ་མཚོར་གྱུར་ཞིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དེ་གར་འཛོམས་ནས་མཁའ་དབུགས་གསར་པ་རྔུབ་པ་དང་མདོ་ལའི་མཛེས་ལྗོངས་ལ་རོལ་བཞིན་རང་བྱུང་ཁམས་ཀྱི་ངོ་མཚར་ལ་ཉམས་སུ་མྱངས། མཚན་མོའི་མེ་ཕུང་དགོང་ཚོགས་ཐོག་ཚང་མས་ལག་གདང་སྦྲེལ་ནས་སྐོར་བྲོ་འཁྲབ་བཞིན་དགའ་སྤྲོའི་གླུ་སྒྲ་རི་ཀློང་གི་མཁའ་དབྱིངས་སུ་ཁྱབ།

“སྒར་འདེབས་རྟེན་གཞི་འདི་ཧ་ཅང་ཡག་པོ་ཡོད་པ་དང་། ཁོར་ཡུག་བཟང་བོ། བྱེད་སྒོའང་ཧ་ཅང་སྤྲོ་སྣང་ལྡན་པ་ཡོད། འདི་གར་ང་ཚོས་དངོས་ནས་རང་བྱུང་ཁམས་ཀྱི་མཛེས་པ་ཚོར་ཐུབ་པ་མ་ཟད། འདོད་བློ་གཅིག་མཐུན་གྱི་གྲོགས་པོ་མང་པོ་ཞིག་ཀྱང་བསྒྲིགས་ཡོད”ཅེས་ཧྲའན་ཤིས་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀྲང་ལགས་ཀྱིས་བཤད།

ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་གསར་སྤེལ་འཛུགས་སྐྲུན་བྱས་པ་དེས་ཡུལ་སྐོར་བར་སྤུས་ལེགས་ཀྱི་ཡུལ་སྐོར་མྱོང་ཚོར་མཁོ་འདོན་བྱས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་དངོས་རྗེན་གྱི་ཁེ་ཕན་ཐོབ། ས་གནས་དེ་གའི་མང་ཚོགས་མང་པོར་རྟེན་གཞིར་ལས་ཀ་བྱེད་པའི་གོ་སྐབས་བྱུང་བ་དང་། ལ་ལ་སྒར་སའི་ལས་དོན་མི་སྣར་གྱུར་ནས་སྒར་སའི་རྒྱུན་གཏན་གྱི་དོ་དམ་དང་ཞབས་ཞུའི་འགན་འཁུར་གྱི་ཡོད། ལ་ལས་རང་ཁྱིམ་གྱི་ཐོན་ཁུངས་སྤྱད་དེ་ཡུལ་སྐོར་བར་བཟའ་བཏུང་དང་རྟ་བོགས་གཏོང་ལེན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྟེན་གཞིའི་ཉེ་འཁོར་སྡེ་བའི་སྡེ་མི་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་ནང་ཞུགས་པ་བརྒྱུད་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཁ་ཤས་འཕར་ཡོད་པ་རེད། ས་གནས་དེ་གའི་སྡེ་མི་ཞིག་གིས“དེ་སྔ་ང་ཚོར་ཡོང་འབབ་བརྟན་པོ་གང་ཡང་མེད། ད་ཆ་སྒར་འདེབས་རྟེན་གཞི་བསྐྲུན་ཟིན་པས་ང་ཚོས་སྒོ་འགྲམ་དུ་ཡོང་འབབ་གསོག་ཐུབ་ཀྱི་ཡོད་པས་འཚོ་བ་སྔར་བས་འཕེལ་རྒྱས་འགྲོ་བཞིན་ཡོད”ཅེས་བཤད།



མཉམ་སྤྱོད།