དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་བོད་ལུག་ས་མཐོའི་རྒྱུད་བཟང་ནས་སྤུས་རྟགས་གྲགས་ཅན་བར་ཐོལ་བརྒལ་བྱུང་བ།

2025-08-14 15:18:05   |   46

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོའི་ཟླ7པར“མདོ་ལའི་ལུག”རྒྱལ་ཁབ་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་གཞུང་ནང་དངོས་སུ་ཚུད་ནས་མཚོ་སྔོན་གྱི་གསར་དུ་གཏན་འཁེལ་བྱས་པའི་ས་གནས་ཀྱི་ཁྱད་ལྡན་ལུག་རྒྱུད་ཐོན་ཁུངས་སུ་གྱུར། ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་དོན་དག་དེས་མདོ་ལ་རྫོང་གི་བོད་ལུག་ཐོན་ལས་ཀྱིས་སྣ་ཁ་ལེགས་སུ་གཏོང་བ་དང་ཐོན་ལས་འབྲེལ་ཐག་ཧྲིལ་པོ་རིམ་སྤོར་བྱེད་པའི་ཁྲོད་འགག་རྩའི་གོམ་པ་སྤོས་པ་དང་ས་མཐོའི་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རོལ་དབྱངས་གསར་པ་ཞིག་དཀྲོལ་བ་མཚོན།

རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ར་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས་མདོ་ལ་རྫོང་གིས་སྐྱེ་ལྡན་རྩྭ་ཐང་མུའུ་ཁྲི1531.53ལ་བརྟེན་ནས་བོད་ལུག་གི་ཁྱུ་ཚོགས་ཀྱི་གཞི་ཁྱོན་རྒྱུན་མཐུད་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། 2024ལོའི་ལོ་མཇུག་ཏུ་ཁ་གྲངས་ཁྲི77.41ཡོད་ཅིང་། 2025ལོའི་ལོ་སྟོད་དུ་ཁྲི103.15བར་མང་དུ་ཕྱིན་ནས་བཤས་གཏོང་ཚད་དུས་གཅིག་ཏུ་འཕར་ཡོད། ས་གནས་ཀྱི་སྲུང་སྐྱོང་སྲོལ་ཡིག་དོན་འཁྱོལ་ནན་པོ་བྱས་པ་བརྒྱུད་ལྟེ་བའི་ཁྱུ་ཚོགས135(ཁྱོན་ཁྲི6.66)ཚན་རིག་དང་མཐུན་པའི་ངང་བཙུགས་པ་དང་། མངལ་མང་སྐྱེ་འཕེལ་ཁྱུ་ཚོགས་བཙུགས་པ། ཉེ་བའི་ལོ་གསུམ་རིང་རིམ་རྩིས་བྱས་ན་ཕྱི་ནས་ཡོང་བའི་སྣ་ཁ་ཁྲི20.23ཕྱིར་དབྱུང་བཏང་པས་བོད་ལུག་རྒྱུད་འཛིན་ཀྱི་ལྷད་མེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན།

ཚན་རྩལ་གྱི་ནུས་པ་དང་དཔེ་དབྱིབས་གསར་གཏོད་ལས་ཐོན་ལས་ཀྱི་རིན་ཐང་ཆེ་རུ་སོང་། མདོ་ལའི་ལུག་གསོ་ཚགས་ར་བས་ལོ་ལྟར་རྒྱུད་བཟང3000ཕྱིར་གཏོང་བྱས་པར་རྒྱུད་བཟང་ཁྱབ་ཚད90%ལ་སླེབས་ཡོད། “ལོ་གཉིས་ལ་ཕྲུ་གུ་གསུམ་སྦྲུམ”གྱི་ལག་རྩལ་དང“གཅིག་གྱུར་ལྔ”ཡི་གསོ་ཚགས་བྱེད་སྟངས་ཁྱབ་གདལ་བཏང་བས་མོ་ལུག་སྐྱེ་འཕེལ་གྱི་ཕན་འབྲས15%མཐོ་རུ་ཕྱིན་པ་དང་། ལུ་གུ་གསོན་ཚད84%ནས96%བར་འཕར། བཤས་གཏོང་དུས་ཚོད་ནི་ཟླ6བར་ཐུང་དུ་ཕྱིན་ཏེ། འབྲོག་པའི་གསོ་ཚགས་ཕན་འབྲས་ལྡབ་འཕར་བྱུང་ཡོད། དེ་དང་ཆབས་ཅིག་ཚོགས་པའི་ཚད་གཞི་ཁག6བཟོས་པ་དང་རིམ་པ་གསུམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་པ། སྲིད་འཛིན་སྡེ་བ21གི“ཕྱུགས་གཅིག་རྟགས་གཅིག་ཆ་འཕྲིན་གཅིག”གི་གློག་རྡུལ་ཁུངས་འདེད་དོ་དམ་ལ་གཞོགས་འདེགས་བྱས་ནས་བོད་ལུག་སྤུས་ཚད་ཀྱི་འགོག་སྲུང་རགས་བརྟན་པོར་བཟོས།

སྐྱེ་ཁམས་དང་ཕན་འབྲས་དོ་སྙོམས་ཡོང་བའི་ཁྲོད་མདོ་ལ་རྫོང་གིས་གསར་གཏོད་ལག་ལེན་བྱས་པའི་རྨ་ནུབ་དོག་ལམ་དུ་གནས་སྤོས་འབྲོག་ལས་བྱེད་སྟངས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ལོ་རེར་བོད་ལུག་ཁྲི15ས་ཁུལ་བརྒལ་ནས་འཁོར་རྒྱུག་བྱས་པས་རྩྭ་ཐང་ལ་ཉམས་གསོ་ཐུབ་པ་མ་ཟད། ཞིང་ཁུལ་གྱི་སོག་མ་དང་གཟན་ཆག་ལ་བརྟེན་ནས་གསོ་ཚགས་ཀྱི་མ་རྩ་དམའ་རུ་བཏང་སྟེ། “ཕྱུགས་རིགས་ཉུང་དུ་བཏང་ཡང་ཡོང་འབབ་ཉུང་དུ་མི་འགྲོ་བ”མངོན་འགྱུར་བྱུང་ཡོད། “ཞིང་ཕྱུགས་གཉིས་ཕན”གྱི་བྱེད་སྟངས་དེ་ཀྲུང་དབྱང་སྨྱན་སྦྱོར་གྱིས་དོ་ཁུར་བྱས་ནས་སྐྱེ་ཁམས་འབྲོག་ལས་ཕྱོགས་སྒྱུར་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་པས་ཐོན་ལས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད། “མདོ་ལའི་བོད་ལུག”ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ཐོབ་པ་མ་ཟད། རྒྱལ་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་དུ་བདམས་པ་དང་། 2025ལོར“རྒྱལ་ཡོངས་ཀྱི་བྲོ་བ་ཞིམ་པའི་ལུག་ཤའི་མིང་གྲལ་བཅུ”ཡི་ནང་ཚུད། དེའི་ཤ་རྒྱུ་མཉེན་ཞིང་ཨན་གཞི་སྐྱུར18འདུས་པའི་ཁྱད་ཆོས་ལ་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ། མཚོ་སྔོན་སྐོར་བའི་་ལྕགས་རྟ་འགྲན་བསྡུར་དང་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ཀྱི་ལས་སྟེགས་དང་དེ་བཞིན“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོ”ཡི་ཐོན་ལས་སྦྲེལ་མཐུད་བྱེད་སྒོར་བརྟེན་ནས། “ཆས་གསུམ་རྟགས་གཅིག”གི་བདེན་དཔང་ར་སྤྲོད་ཐོན་རྫས37གྱིས་སྤུས་རྟགས་རྒྱུན་མཐུད་ངང་གསལ་པོར་ཕྱེ་ནས2024ལོར་ཨའོ་མོན་ལ་ཕྱིར་གཏོང་བྱས་ཏེ་ས་མཐོའི་བྲོ་བ་དེ་བས་ཡངས་པའི་གར་སྟེགས་ཐོག་བསྐྱོད་ཐུབ་པ་བྱས་ཡོད།

རྒྱུད་གསོ་ལེགས་གཏོང་ནས་སྤུས་རྟགས་ཕྱི་རུ་བསྐྱོད་པའི་བར་མདོ་ལའི་བོད་ལུག་ཐོན་ལས་འབྲེལ་ཐག་ཧྲིལ་པོ་རིམ་སྤོར་བྱེད་པའི་རྣམ་འགྱུར་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི“མདོ་ལའི་རྒྱུགས་ལན”སྤྲད་ཡོད།



མཉམ་སྤྱོད།