དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་གནས་བཞི་ཤུགས་འདོན་གྱིས“ས་གནས་ཐོན་རྫས”ཀྱི་རབ་བྱེད་ཆེན་མོ་ལེགས་པོར་བརྩམས་པ།

2025-10-24 11:07:08   |   1756

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འདི་དག་གི་རིང་ལ་མདོ་ལ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཀྱི་སྔོན་སྐྱོད་དཔེ་སྟོན་རྫོང་གི་ལེགས་ཆ་འདོན་སྤེལ་གང་ལེགས་སྒོས། ས་གནས་དང་བསྟུན་ཏེ་ཁྱད་ལྡན་ཐོན་ལས་གོང་སྤེལ་བཏང་ཞིང་། “ས་གནས་དང་ཁྱད་ལྡན། ཐོན་ལས། མཉམ་སྦྲེལ”བཅས་ཕྱོགས་བཞི་ཡི་ཐད་ལ་ཧུར་ཐག་གིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ལ། ཁྲོམ་རའི་འགྲན་རྩོད་ནུས་ཤུགས་དང་རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཤུགས་དྲག་ཏུ་བཏང་ནས་དམངས་ཀྱི་འབབ་འཕར་འབྱོར་ཕྱུག་བགྲོད་ལམ་མུ་མཐུད་རྒྱ་བསྐྱེད། 

བབ་དང་བསྟུན་ཏེ“ས་གནས”ཐོན་ཁུངས་སྔོག་འདོན་བྱས་པ། མདོ་ལའི་ཐོན་ཁུངས་ཀྱི་ནུས་པ་དང་འཕེལ་རྒྱས་ཀྱི་ལེགས་ཆ། ཡུལ་ཁོངས་ཀྱི་ཁྱད་རྟགས་ལ་གནད་སྨིན་རྒྱུས་ལོན་སྒོས་ཕྱོགས་གཉིས་ནས་མཉམ་ཤུགས་བཏོན་ཏེ་མདོ་ལའི་ཁྱད་ཆོས་ལྡན་པའི“ས་གནས་ཁྱད་ལྡན་ཐོན་རྫས”བསྐྲུན། “ས་གནས”ཐོན་ཁུངས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཤིང་ཕྱུགས་ལས་ཁྱད་ལྡན་ཐོན་ལས་ཤུགས་ཆེན་འཕེལ་རྒྱས་བཏང་ནས་མདོ་ལའི“ནོར་ལུག་ཤ་དང་ཤྭ་བའི་ཐོན་རྫས། འོ་ལས་ཐོན་རྫས། ཤ་མོ་སེར་བོ། བོད་ཇ། སྟར་ཁུ”སོགས་རྫོང་ཁོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྔོག་འདོན་དང་གསོ་སྐྱོང་བྱས། “མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང”གི་ཁྱད་ལྡན་སྐྱེ་ཁམས་ལེགས་ཆ་འདོན་སྤེལ་གང་ལེགས་སྒོས་ཟ་མར་ཁྱད་ཆོས་ལྡན་པ་དང་སྡོད་པར་སྤུས་ཀ་ལྡན་པ། བསྐྱོད་པར་བཀག་འགོག་མེད་པ། ཉོ་བར་ཐོན་རྫས་ལྡན་པ། གཡེང་བར་རྩེད་འཇོ་ལྡན་པ་ལ་དམིགས་ནས་རྩྭ་ཐང་མལ་ཚིགས་དང་གནས་སྐོར་ཁམས་གསེང་། ལྗང་མདོག་ཞིབ་སློབ། ཀྲུང་སྨན་ཁམས་གསོ། གྲོང་གསེབ་གནས་སྐོར་སོགས་ལས་རྣམ་གསར་བ་འཕེལ་རྒྱས་སུ་བཏང་ཞིང་། “ཞིང་ལས་གནས་སྐོར+”ཐབས་ཇུས་ལག་བསྟར་བྱས་ནས་འཛད་སྤྱོད་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་རིང་དུ་བཏང་།

ཆས་རྟགས་བཏོད་དེ“ཁྱད་ལྡན”ལེགས་ཆ་བསྐྲུན་པ། ཆས་རྟགས་ཀྱིས་ཐོན་ལས་སྤུས་འདེགས་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་སྒོས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པ་གོ་སྐབས་སུ་བྱས་ཤིང་། “ཆས་གསུམ་རྟགས་གཅིག”དང་རྒྱལ་ཡོངས་གསར་གྲགས་ཁྱད་ལེགས་ཐོན་རྫས་ཐོ་འགོད་ཀྱི་ཁས་ལེན་ཐོབ་པ་རྒྱུན་མཐུད་དམ་འཛིན་བྱས་ནས་རྫོང་ཁོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་མཐོར་འདེགས་དང་ཆས་རྟགས་འཛུགས་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་། མདོ་ལའི“ནོར་ལུག་ཤ་དང་ཤྭ་བའི་ཐོན་རྫས། འོ་ལས་ཐོན་རྫས། ཤ་མོ་སེར་བོ། བོད་ཇ། སྟར་ཁུ”སོགས་ཞིང་ལས་ཐོན་རྫས་ལ་དམིགས་ནས“ཆས་གསུམ་རྟགས་གཅིག”གི་ཐོན་རྫས100ལ་ཁས་ལེན་ཐོབ་པའི་ཁྲོད“མདོ་ལའི་བོད་ལུག་དང་མདོ་ལའི་ནོར་གནག མདོ་ལའི་ཤ་མོ”བཅས་ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོ་འགོད་ཐོན་རྫས་ནང་ཚུད། “མདོ་ལའི་བོད་ལུག”ཀྲུང་གོའི་ཞིང་ལས་ཆས་རྟགས་མིང་གཞུང2024ལོའི་ཞིང་ལས་ཐོན་རྫས་ཡུལ་ཁོངས་སྤྱི་སྤྱོད་སྤུས་རྟགས་ནང་ཚུད། “མདོ་ལའི་བོད་ལུག”དང“མདོ་ལའི་ནོར་གནག”ལ་རྒྱལ་ཡོངས་གསར་གྲགས་ཁྱད་ལེགས་ཐོ་བཀོད་ཐོན་རྫས་ཀྱི་ཁས་ལེན་ཐོབ། མདོ་ལ་རྫོང་གི་མུའུ་ཁྲི3.6གི་ལྗང་མདོག་བཟའ་བཅའི་རྒྱུ་ཆའི(ནས་དང་པད་ཁ)ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞི་དེ་རྒྱལ་ཡོངས་ལྗང་མདོག་བཟའ་བཅའི་རྒྱུ་ཆའི་ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞི(འཛུགས་སྐྲུན་སྐབས)ཡི་མིང་གཞུང་ནང་རྒྱལ་ཁའི་ངང་ཚུད། སྤྱི་ཚོགས་ཀྱི་མི་རིགས་ཐོན་ཁུངས་དང་ཞིང་ལས་ཐོན་རྫས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས། “གངས་ལྗོངས་བཙུན་མོ་གཞོང”དང“གསེར་ལྡན་མདོ་ལ”སོགས་ཚོང་རྟགས་ཐོ་འགོད་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཐད་ལོ་རྒྱུས་དང་རིག་གནས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ཏེ་མདོ་ལའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་ར་བཟུང་ཚད་སྔར་བས་མཐོ་རུ་བཏང་ཡོད།

སྒྲིག་གཞི་ལེགས་སྒྱུར་བྱས་ནས“ཐོན་སྐྱེད”ཀྱི་འབྲེལ་ཐག་རིང་དུ་བཏང་བ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱ་རྒྱུ་མཐའ་འཁྱོངས་དང་། སྣ་མང་གི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། ཐོན་ལས“གཅིག་གཉིས་གསུམ”མཉམ་འདྲེས་ཡག་པོ་བྱེད་པའི་ཐད་རྒྱུན་མཐུད་ཤུགས་བསྣན་ཏེ། མདོ་ལའི་བོད་ལུག་དང་ནོར་ནག་ལ་དམིགས་ནས་རྩིབ་ཤ་ཕྱེད་ཀ་དང་ལུ་གུའི་ཤ་སོགས་ཤ་གསར་ཐོན་རྫས་སྣ་ཁ10ལྷག་ཙམ་གསར་སྤེལ་ཞིབ་ཚགས་བྱས་པ་དང་། ནོར་ལུག་ཤའི་རྩིབ་བསྟར་དང་ལུག་རྐང་། ལུག་གྲོད་སོགས“འཕྲལ་མར་ཟ་ཆོག་པ་དང་བརྔོ་ཆོག་པ། བཙོ་ཆོག་པ”མ་ཟད། ད་དུང“ཤ་སྐམ”དང“མདོ་ལའི་འཁྱག་ཟས”སོགས་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཤིང་། བོད་ལུག་དང་ནོར་གནག་གི་པགས་པ་དང་བལ་རྩིད། ཞོར་ཐོན་དངོས་རྫས་ལ་རིམ་བསྟར་གསར་སྤེལ་དང་གཞི་ཁྱོན་ཅན་གྱི་ལས་སྣོན་བྱས་ཏེ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་སྔར་བས་མཐོ་རུ་བཏང་ཡོད། མདོ་ལའི“ཤ་མོ་སེར་པོ”ལ་མ་དངུལ་སྒོར་ཁྲི120བཏང་ནས་ཤ་མོ་སེར་པོའི་ཞིབ་ལས་བཟོ་སྣོན་ཐོན་རྫས་ཀྱི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ཏེ། མདོ་ལའི་ཤ་སེར་ཀ་ར་གོ་རེ་དང་ཤ་སེར་བསྙལ་ཟས། ཤ་སེར་སྐོམ་ཆུ་སོགས་ཞིབ་ལས་བཟོ་སྣོན་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ཤིང་། མདོ་ལའི་ཤ་སེར་དེ“སྔོ་ཚལ་སྡེར་མ་གང”ནས་ཞོར་ཟས་ཁུག་མ་གང་དང་བསྙལ་ཟས་དམ་བུ་གང་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་། མདོ་ལའི“ཤྭ་བའི་ཐོན་རྫས”ལ་དམིགས་ནས་གསོ་སྤེལ་དང་ལས་སྣོན། གནས་སྐོར་བཅས་ཁག་ཆེན་པོ་གསུམ་བསྡུ་སྒྲིལ་བྱས་ཏེ་གསོ་སྤེལ་དང་ལྟ་སྐོར། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་གསུམ་པོ་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཤིག་བཏོད་ཡོད། མདོ་ལ་རྫོང་གིས“སྣ་གཅིག་འདེབས་གསོ”ནས“གཉིས་རྗེས་གསུམ་མཐུད”བར་འཕེལ་རྒྱས་རགས་ཙམ་བྱུང་ནས་ཐོན་ལས་འབྲེལ་ཐག་རིམ་བཞིན་འཐུས་སྒོ་ཇེ་ཚང་དང་ལེགས་སུ་ཕྱིན་ཞིང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་ཡོད།

ཡོང་འཕར་ལ་དམ་པོར་དམིགས་ནས་“མཉམ་འབྲེལ”གྱི་ལས་དོན་ཡག་པོ་བསྒྲུབས་པ། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་རྣམས་ཐོན་ལས་སྦྲེལ་ཐག་ནང་ནུས་ལྡན་ངང་བཅུག་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་བ་དང་ཞིང་པའི་ཡོང་སྒོ་འཕར་སྣོན་ཡོང་བ་བྱས་ཡོད། མིག་སྔར། མདོ་ལ་རྫོང་གིས་དབྱི་ཏཱ“སྣེ་འདྲེན་ཁེ་ལས་དང་ཞིང་ཁྱིམ”ཟུང་དུ་འབྲེལ་བའི་མཉམ་འབྲེལ་འཕེལ་རྒྱས་གཏོང་སྟངས་བྱང་ཆུབ་པ་བསྐྲུན་ཞིང་། 2024ལོར་དབྱི་ཏཱས་ཞིང་ཕྱུགས་དུད་ཚང1586གི་མི3678ལ་སྣེ་ཁྲིད་བྱས་ཏེ་མི་རེར་ཆ་སྙོམས་ཡོང་འཕར་སྒོར1200-1500བར་བྱུང་བ་དང་། མེ་ལུང་ཀྲང་གི“མཉམ་ལས་ཁང་དང་འབྲོག་ཁྱིམ”འཕེལ་རྒྱས་གཏོང་སྟངས་སྐྱེད་སྲིང་བྱས་ཤིང་། 2024ལོར་དུད་ཚང16གི་མི21སྣེ་ཁྲིད་བྱས་ཏེ་མི་རེར་ཆ་སྙོམས་ཡོང་འཕར་སྒོར་ཁྲི1.8བྱུང་ཡོད། དེ་དང་ཆབས་ཅིག་སྤུས་རྟགས་ཚོང་གཉེར་ཁང་ཧུར་ཐག་བསྐྲུན་པ་དང་། ཚོང་ཁྲོམ་སིལ་ཚོང་དང་དྲ་ཐོག་ཐད་གཏོང་ཚོང་དོན། སྡེ་ཁུལ་གྱི་སྡེབ་ཉོ་སོགས་ཐབས་ལམ་མང་པོ་སྤྱད་དེ་མདོ་ལའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱ་རྒྱུ་དེ་ས་ཁོངས་ཅན་དང་། སྤུས་ལེགས་ཅན། གཏན་འཁེལ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཞིང་། རི་ཁུག་གི་རྩ་ཆེའི་དངོས་པོ་མདོ་ལ་ནས་ཕྱིར་བསྐྱོད་དེ་རྒྱལ་ཡོངས་ཀྱི་ཁྲོམ་རའི་ཚོང་ཟོག་ཉོ་མང་ཅན་དུ་གྱུར་ཡོད།



མཉམ་སྤྱོད།