དེ་རིང་ནི2025ལོའི་ཟླ11པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས“གཞུང་ལམ9པའི”རིག་ལྡན་ཕྱོགས་སྟོན་དྲ་ཐོག་ཏུ་སྤྱོད་མགོ་བརྩམས་པ།

2025-11-06 10:01:18   |   26

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཀའོ་ཏུ་ས་ཁྲ་དང་ཀྲུང་གོ་འཁྱེར་འཕྲིན་ལ་མཉམ་འབྲེལ་བྱས་ནས“བྱང་གི་འཁོར་ལམ་བརྒྱུད་ནས་མདོ་ལར་བསྐྱོད། གཞུང་ལམ་དགུ་པའི་མཛེས་སྡུག་མིག་གི་དཔལ”ཞེས་པའི་སྒེར་འཁོར་གནས་སྐོར་རིག་ལྡན་ཅན་གྱི་ཕྱོགས་སྟོན་ལས་སྟེགས་དངོས་སུ་སྤྱོད་མགོ་བརྩམས་ཤིང་། འདི་ནི་མདོ་ལ་རྫོང་གིས“གྲངས་འཛིན་ཀྲུང་གོ”དང“རིག་གནས་གནས་སྐོར་མཉམ་འདྲེས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་རིག་གནས་གནས་སྐོར་ཐོན་ཁུངས་འཕེལ་བར་བྱེད་པའི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་པས། “ལྷ་ཁམས་མདོ་ལའི”སྤུས་རྟགས་ལ་ཚན་རྩལ་གྱི་སྒུལ་ནུས་གསར་པ་བསྣན་ཡོད།

མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་སྦྲེལ་མཐུད་བྱེད་པའི་གདོད་མའི་སྐྱེ་ཁམས་སྒེར་འཁོར་ལམ་ཐིག་ཅིག་ཡིན་ལ། མདོ་ལའི“གཞུང་ལམ9པ”ནི་མཁའ་དབྱིངས་ནས་བལྟས་ན་གྲངས་གཞི“9”དང་འདྲ་བས་མིང་དེ་ལྟར་ཐོགས་ཤིང་། མཁར་དམར་གནའ་མཁར་དང་བཙུན་མོ་དམར་ཡག་མ། ཨ་མྱེས་སྟོང་སོ་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་བཅུ་ལྷག་ཙམ་དང་སྦྲེལ་མཐུད་བྱས་ཏེ། རྩྭ་ཐང་དང་གངས་རི་སོགས་ས་དབྱིབས་སྣ་ཚོགས་དང་མི་རིགས་མང་བའི་རིག་གནས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ཡོད། ཐེངས་འདིར་དྲ་ཐོག་ཏུ་བཏོན་པའི་རིག་ལྡན་ཕྱོགས་སྟོན་ལས་སྟེགས་ཀྱིས་ཀའོ་ཏུ་ས་ཁྲའི་ལག་རྩལ་གྱི་ལེགས་ཆར་བརྟེན་ནས། “གནས་ལས་ཐིག་སྦྲེལ”ཀྱི་ལམ་ཐིག་རྣམ་པའི་ཕྱོགས་སྟོན་བྱེད་སྟངས་གསར་གཏོད་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་ལྟ་སྐོར་དང་ཟས་མཆོག་འོས་སྦྱོར། མགྲོན་བྲང་འཚོལ་བཤེར། ལམ་ཐིག་ཕྱོགས་སྟོན། སྤྱོད་མཁན་གྱི་ཚུར་ལན་སོགས་ཀྱི་ནུས་པ་གཅིག་སྡུད་བྱས་ཏེ། “འཚོལ་བཤེར་དང་ཕྱོགས་སྟོན། ཉམས་ལེན། ལྡོག་འདྲེན”བཅས་ཀྱི་གདུམ་ཟུམ་ཞབས་ཞུ་མངོན་འགྱུར་བྱུང་ཡོད། གནས་སྐོར་བས་ཀའོ་ཏུ་ས་ཁྲAppབརྒྱུད་དེ་ལམ་རྒྱུད་ཀྱི“བཞུགས་ཕེབས་ཟས་གསུམ་དང་། གནས་སྐོར། ཟོག་ཉོ། རོལ་རྩེད”བཅས་ཚང་མ་བསྡུས་ནས་གནད་སྨིན་རིག་ནུས་ཀྱི་འགྲོ་སྐྱོད་མྱོང་ཚོར་ལོངས་སུ་སྤྱོད་ཐུབ།

མཉམ་ལས་ཁྲོད་ཀའོ་ཏུ་ས་ཁྲས་དུས་མཉམ་དུ“ཀྲུང་གོའི་གནས་སྐོར་རྫོང་མཛེས་ཤོས་ལ་བསྐྱོད”ཅེས་པའི་བརྗོད་བྱའི་བྱེད་སྒོ་སྤེལ་ཏེ། “མདོ་ལའི་གཞུང་ལམ9པའི”དབང་གྲགས་ལམ་ཐིག་གི་ཕྱོགས་སྟོན་སྤྱོད་མགོ་བཙུགས།

རིག་ལྡན་ཕྱོགས་སྟོན་མ་དར་གོང་དུ“གཞུང་ལམ་དགུ་པའི”སྐུལ་ཁྲིད་ནུས་པ་ཆེན་པོར་མངོན། ད་ལོའིལྔ་གཅིག་དུས་ཆེན་དུ་ཁྱབ་སྤེལ་བྱས་པ་ནས་བཟུང་། ཟླ1པོ་ནས་ཟླ9པའི་བར་རྫོང་ཡོངས་ཀྱིས་བསྡོམས་འབོར་གནས་སྐོར་བ་མི་ཐེངས་ཁྲི249.61སྣེ་ལེན་བྱས་པ་དེ་དུས་མཚུངས་ལས39.97%འཕར་ཡོད། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར15.08ཡིན་པ་དེ་དུས་མཚུངས་ལས30.3%འཕར་བ་དང་དེའི་ཁྲོད་དུ་སྒེར་འཁོར་གནས་སྐོར་བ་མི་ཐེངས་ཁྲི162.24ཡིན་པ་དེ་དུས་མཚུངས་ལས33.42%འཕར་ཡོད། དེར་བརྟེན་མདོ་ལ་རྫོང“རྒྱལ་ཡོངས་ཀྱི་རྫོང་ཁོངས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་གྲས100”ཡི་ཨང13པར་སླེབས་ཤིང་། “རྒྱལ་ཡོངས་ཀྱི་རྫོང་ཁོངས་སྒེར་འཁོར་ལྗོངས་རྒྱུ་གནས་སྐོར་གྱི་ཚད་གཞི་རྫོང”གི་གཟི་བརྗིད་ཐོབ་པ་མ་ཟད། “གཞུང་ལམ་དགུ་པ”ཡང་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་སྒེར་འཁོར་ལམ་ཐིག་དུ་བདམས་ཡོད། 

རིག་ལྡན་ཕྱོགས་སྟོན་ལས་སྟེགས་ནི་རྫོང་ཁོངས་རིག་གནས་གནས་སྐོར་གྲངས་གཞི་ཅན་གྱི་རིགས་སྒྱུར་གྱི་ལག་ལེན་གལ་ཆེན་ཞིག་ཡིན་ཞིང་། འདི་ནི་ལག་རྩལ་རིམ་སྤོར་ཡིན་པ་མ་ཟད།  རིག་གནས་གནས་སྐོར་འཕེལ་རྒྱས་འདུ་ཤེས་གསར་བཅོས་ཀྱང་ཡིན། “སྤུས་རྟགས་བསྐྲུན་པ+རིག་ལྡན་ཞབས་ཞུ+གནད་འཁེལ་ཁྱབ་གདལ”གྱི་ཕྱོགས་གསུམ་གཞི་གཅིག་གི་ལས་གྲྭ་ལ་བརྟེན་ནས། མདོ་ལ་རྫོང་གིས་གྲངས་འཛིན་ལག་རྩལ་སྨྱུ་གུ་དང་མཛེས་ལྡན་རི་ཆུ་དེབ་ཏུ་བྱས་ཏེ། སྐྱེ་ཁམས་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སར་འཛུགས་སྐྲུན་བྱེད་ཕྱིར“མདོ་ལའི་ཇུས་གཞི”ལེགས་སྐྱེས་སུ་ཕུལ།



མཉམ་སྤྱོད།