དེ་རིང་ནི2025ལོའི་ཟླ11པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ནོར་ལུག་བཤས་གཏོང་མ་དངུལ་གྱི་བྱ་དགའི་ཁ་གསབ་ལས་དོན་ལ་ཕན་ནུས་ཆེན་པོས་སྐུལ་འདེད་བཏང་བ།

2025-11-20 15:17:13   |   2056

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རྫོང་གིས“སྲིད་ཇུས་དོན་འཁྱོལ་ནར་འགྱངས་གཏན་ནས་མི་བྱེད་པ་དང་། བྱ་དགའི་ཁ་གསབ་དང་ཁེ་སྤོགས་གནད་འཁེལ་ཐོབ་པ”ལྟེ་བའི་དམིགས་ཚད་གཏན་འཁེལ་བྱས་ནས། ལམ་སྲོལ་གསར་གཏོད་ཚད་བརྒལ་དང་བརྒྱུད་རིམ་ལེགས་སྒྱུར་འཛིན་བྱ། གདུབ་ཟུམ་དོ་དམ་འགན་ལེན་བཅས་བྱས་ཏེ། ནོར་ལུག་བཤས་གཏོང་མ་དངུལ་བྱ་དགའི་ཁ་གསབ་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། སྲིད་ཇུས་ཀྱི་ཁེ་སྤོགས་རོང་འབྲོག་ཁྱིམ་ཚང་རེ་རེར་གནད་འཁེལ་ཐོབ་པ་འགན་ལེན་བྱས་ཡོད།

ཞིབ་བཤེར་བྱེད་པའི་ལྷུ་ཚིགས་སུ་མདོ་ལ་རྫོང་གིས་སྲོལ་རྒྱུན་གྱི་ཞིབ་བཤེར་བྱེད་སྟངས་ཀྱི་བཀག་རྒྱ་གཏོར་ནས“སྡེ་བ་རིམ་པའི་ཐོག་མའི་ཞིབ་བཤེར་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་བསྐྱར་ཞིབ། རྫོང་རིམ་པའི་མཐའ་བཤེར”བཅས་རིམ་པ་གསུམ་གྱི་མཉམ་འགུལ་ཞིབ་བཤེར་ལམ་སྲོལ་གསར་གཏོད་བྱས་ཏེ། ཡུལ་དངོས་ནས་གསོ་སྤེལ་ཡིག་ཚགས་ལ་ཞིབ་བཤེར་དང་བཤས་གཏོང་གྲངས་གཞི་བསྡུར་བ། ཐོབ་ཐང་ཆ་འཕྲིན་ཞིབ་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། བྱ་དགའ་དང་ཁ་གསབ་ཀྱི་ཐོབ་ཐང་ཚོད་འཛིན་ནན་པོ་བྱས་ཏེ། རྫུན་ཞུ་གཡོ་ལེན་དང་གྲངས་གཞིའི་ནོར་འཛོལ་སོགས་ཀྱི་གནད་དོན་གཏན་འགོག་བྱས་ཤིང་། བྱ་དགའ་དང་ཁ་གསབ་བྱ་ཡུལ་གནད་ལ་འཁེལ་ཞིང་གཞི་གྲངས་དངོས་མར་འགན་ལེན་བྱས། ཡིག་ཐོག་སྙན་ཞུའི་རྒྱུ་ཆ་ཁ་སྐོང་ཚད་ལྡན་མིན་པ་དང་དཔང་རྟགས་རྒྱུ་ཆ་ཆ་ཚང་མིན་པ། གཏན་ཚིགས་ཀྱི་འབྲེལ་ཐག་ཆ་ཚང་མིན་པ་སོགས་ཐུན་མོང་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ། “ཡུལ་དངོས་དག་བཅོས+ཡུལ་དངོས་ཟུར་བཤེར་ཞིབ་དཔྱད”ཟུང་འབྲེལ་བྱེད་པའི་ཞབས་ཞུའི་རྣམ་པ་ཁྱབ་གདལ་བཏང་ཞིང་། “གནད་དོན་ཡུལ་དངོས་ནས་བཤད་པ་དང་ཚད་ལྡན་ཡུལ་དངོས་ནས་མཛུབ་ཁྲིད། རྒྱུ་ཆ་ཡུལ་དངོས་ནས་འཐུས་ཚང་དུ་གཏོང་བ”བཅས་ལག་བསྟར་བྱས་ཏེ། ཞིབ་བཤེར་དང་ཞིབ་དཔྱད་ཀྱི་བརྒྱུད་རིམ་ཧྲིལ་པོ་དུས་མཉམ་དུ་ལེགས་གྲུབ་བྱས་ཤིང་། “ཡང་དང་བསྐྱར་དུ་རྒྱུག་པ་དང་ཡང་ཡང་དག་བཅོས། ནར་འགྱངས་བྱས་ནས་མི་སྒྲུབ་པ”སོགས་ཀྱི་འགག་གནད་དཀའ་གནད་རྩ་བ་ནས་གཏན་འགོག་བྱས་པ་དང་། ཞིབ་བཤེར་གྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་བཏང་སྟེ། བྱ་དགའ་དང་ཁ་གསབ་སྲིད་ཇུས་ཀྱིས་རོང་འབྲོག་ཁྱིམ་ཚང་སོ་སོས་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་ཐུབ་པ་འགན་ལེན་བྱས་ཡོད། མིག་སྔའི་བར་ཕྱུགས་ཟོག་གཏོང་འདྲེན་ལྷུ་ཚིགས་ཀྱི་བྱ་དགའ་དང་ཁ་གསབ་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་རོང་འབྲོག་ཁྱིམ་ཚང1204ལ་མ་དངུལ་སྒོར་ཁྲི229སྤྲད་པ་དང་རིམ་རྩིས་བྱས་ན་ནོར་ལུག་མགོ་གྲངས་ཁྲི12.6429ལ་ཁ་གསབ་རོགས་དངུལ་སྤྲད་ཡོད་དེ། དེའི་ཁྲོད་གཙོ་གནད་ཁྱིམ་ཚང41ལ་མ་དངུལ་སྒོར་ཁྲི12.9425སྤྲད་པ་དང་། དབུལ་ཐར་ཁྱིམ་ཚང60ལ་མ་དངུལ་སྒོར་ཁྲི21.8535སྤྲད་པ། ལྟ་ཞིབ་ཚད་ལེན་ཁྱིམ་ཚང4ལ་མ་དངུལ་སྒོར་ཁྲི0.665སྤྲད་པ། སྤྱིར་བཏང་གི་ཁྱིམ་ཚང1092ལ་མ་དངུལ་སྒོར་ཁྲི191.583སྤྲད་པ། མཉམ་ལས་ཁང(ཁྱིམ་ཚང་ཕྱུགས་ར)7ལ་མ་དངུལ་སྒོར་ཁྲི1.956སྤྲད་དེ་རོང་འབྲོག་ཁྱིམ་ཚང་ལ་མ་དངུལ་གྱི་གསོན་ཤུགས་བསྣན་ཡོད།

བརྒྱུད་རིམ་ལེགས་སུ་གཏོང་བའི་ཐད་བྱ་དགའི་ཁ་གསབ་མ་དངུལ་སྤྲོད་པའི་ལས་ཕྱོད་ལ་དམིགས་ཏེ་མདོ་ལ་རྫོང་གིས་སྔར་ཡོད་བརྒྱུད་རིམ་གྱི་འབྲེལ་ཐག་ཧྲིལ་པོ་ལེགས་སྒྲིག་བྱས་ནས་ལྷུ་ཚིགས་ལྷག་མ་མེད་པར་བཟོ་བ་དང་གཉེར་སྒྲུབ་དུས་བཀག་ཐུང་དུ་བཏང་སྟེ“ཞིབ་བཤེར--ཡོངས་བསྒྲགས--གཏོང་སྤྲོད”བཅས་ཀྱི་གཅིག་འཐུས་རྣམ་པའི་གདུབ་ཟུམ་བརྒྱུད་རིམ་ཞིག་བཏོད་ཡོད། ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་བའི་བྱ་དགའི་ཁ་གསབ་ཀྱི་མིང་ཐོ་དུས་ཐོག་ཏུ་སྡེ་བ་དང་ཡུལ་ཚོ་རིམ་པའི་ལས་སྟེགས་ཐོག་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་བསམ་འཆར་མི་མཐུན་པ་མེད་ཚེ་ཞིང་འབྲོག་སྡེ་ཚན་གྱིས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ“བྱང་བུ་གཅིག་ཀུན་འཐུས”མ་ལག་བརྒྱུད་དེ་ཞིང་འབྲོག་དུད་ཚང་གི་རྩིས་ཐོའི་ནང་ཐད་ཀར་སྤྲད་ནས“ཞིབ་བཤེར་ལེགས་གྲུབ་བྱུང་མ་ཐག་གཏོང་སྤྲོད་དང་མ་དངུལ་བཀག་ཉར་མེད་པར་སྤྲོད་པ”མངོན་འགྱུར་བྱུང་བ་ཡིན།  དེ་དང་ཆབས་ཅིག  བརྒྱུད་རིམ་རྗེས་འདེད་རྩིས་ཁྲ་བཟོས་ནས་བྱ་དགའ་རེ་རེའི་ཁ་གསབ་མ་དངུལ་གྱི་འཁོར་རྒྱུག་ལྷུ་ཚིགས་རེ་རེ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱས་ཏེ་བརྒྱུད་རིམ་ཁ་གསལ་དང་འཕེལ་རིམ་ཚོད་འཛིན་ཐུབ་པར་འགན་ལེན་བྱས་ཡོད།

སྲིད་ཇུས་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དང་གོ་རིམ་ལྡན་པ་འགན་ལེན་བྱ་ཆེད། མདོ་ལ་རྫོང་གིས་གདུབ་ཟུམ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ“སྲིད་ཇུས་དྲིལ་སྒྲོག--རེ་ཞུའི་ཞིབ་བཤེར--མ་དངུལ་གཏོང་སྤྲོད--རྗེས་མཐུད་རྗེས་འདེད”བཅས་ཀྱི་དུས་འཁོར་ཧྲིལ་པོའི་ལས་གཞིའི་ལམ་སྲོལ་བཙུགས།  འབྲོག་ཁུལ་གྱི་དུང་ཆེན་དང་སྐད་འཕྲིན་ཚོགས་པ།  སྐད་གཉིས་སྒྲོག་འགྲེལ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་ནོར་ལུག་བཤས་གཏོང་བྱ་དགའི་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་གསལ་འགྲེལ་བྱས་ནས། ཁ་གསབ་ཚད་གཞི་དང་རེ་ཞུའི་ཆ་རྐྱེན།  བརྒྱུད་རིམ་ལྷུ་ཚིགས་བཅས་ཁ་གསལ་བཟོས་ནས་ཞིང་འབྲོག་དུད་ཚང་གིས“སྲིད་ཇུས་ཤེས་པ་དང་རེ་ཞུ་བྱེད་ཤེས་པ།  ཕན་ཐོགས་པ”བཅས་བྱས།  མ་དངུལ་སྤྲད་རྗེས་ལས་དོན་མི་སྣ་རྩ་འཛུགས་བྱས་ཏེ“ཕྱིར་མིག་ལྟ་བའི”འཚམས་འདྲི་བྱས་ནས་མ་དངུལ་བེད་སྤྱོད་བྱས་ཚུལ་རྒྱུས་ལོན་དང་ཞིང་འབྲོག་དུད་ཚང་གི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ཏེ་སྲིད་ཇུས་ལག་བསྟར་བྱེད་རིམ་གྱི་འགག་གནད་དང་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱས་ནས། “དྲིལ་སྒྲོག--ལག་བསྟར--ལྡོག་འདྲེན--ལེགས་སྒྱུར”བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་མཐར་སྲིད་ཇུས་ཀྱི་ཁེ་སྤོགས་དེ་ཞིང་འབྲོག་དུད་ཚང་གི་དངོས་ཡོད་ཕན་འབྲས་སུ་གྱུར་ནས་འབྲོག་ལས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།



མཉམ་སྤྱོད།