དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་མདོ་ལ་རྒྱལ་ཡོངས་རིག་གནས་གནས་སྐོར་གབ་ཤུགས་བརྒྱ་ལྡན་གྱི་ཨང13པར་སླེབས་པ།

2025-12-01 16:37:36   |   1764

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། “2025ལོའི་རྒྱལ་ཡོངས་རྫོང་ཁོངས་ཀྱི་ཞིང་ལས་རིག་གནས་གནས་སྐོར་འཕེལ་རྒྱས་ཚོགས་ཆེན”བདེ་བླག་ངང་མཇུག་བསྒྲིལ། མཚོ་བྱང་ཁུལ་མདོ་ལ་རྫོང་ནི་གསར་གཏོད་ཀྱི་ལག་ལེན་དང་འབྱུང་འགྱུར་གྱི་གབ་ཤུགས་དྲག་པོས་རྒྱལ་ཡོངས་ཀྱི་དཔྱད་ཞུགས་རྫོང་ཁོངས་ཁྲོད་འབུར་དུ་ཐོན་ཏེ“རྒྱལ་ཡོངས་རྫོང་ཁོངས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གབ་ཤུགས་ལྡན་པ100”ཡི་ཨང13པར་སླེབས། 

མདོ་ལ་རྫོང་ནི་མདོ་ལ་རིང་མོའི་རི་ཟོམ་དུ་གནས་ཤིང་མཚོ་སྔོན་གྱི“ཉིང་གཅིག་སྐོར་གཅིག་རྒྱུད་མང”གི་སྐྱེ་ཁམས་གནས་སྐོར་རྣམ་པའི་ལྟེ་བའི་ཉིང་ལག་ཡིན། འདི་རུ་གངས་རི་དང་གྲོག་རོང་། འཁྱགས་ཀླུང་། རྩྭ་ཐང་། ནགས་ཀློང་། འདམ་ས་བཅས་གཞི་གཅིག་ཏུ་འདུས་ཤིང་། ཨ་མྱེས་སྟོང་སོ་དང་གངས་ཞོ་བླུགས། བཙུན་མོ་སྒང་སོགས་སྐྱེ་ཁམས་ཐོན་ཁུངས་མངའ་བས“མཚོ་བོད་མཐོ་སྒང་སྟེང་གི་རང་བྱུང་བཀོད་པ་དང་དམངས་སྲོལ་རིག་གནས་ཉིང་བསྡུས་གནས”སུ་གསོལ་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་གི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད་སྐྱེ་ཁམས་གནས་སྐོར་དང་ཕྱི་འགྲིམ་མྱུལ་དཔྱད་ཀྱི་འདོད་འདུན་ཞིང་མཆོག་ཏུ་གྱུར་ཡོད། 

སྐྱེ་ཁམས་ལྟེ་བའི་གནས་ཚད་དང་ལན་ཤིན་ལྕགས་ལམ། ཀྲང་ཝུན་མྱུར་ལམ་སོགས་ཀྱི་འགྲིམ་འགྲུལ་ལེགས་ཆ་ལ་བརྟེན་མདོ་ལ་རྫོང་གིས“སྔོན་ལ་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས”ཡིན་པའི་འཐབ་ཇུས་ལག་ཏུ་བསྟར་ལ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”སོགས་གྲོས་འདོན་གལ་ཆེན་ནང་རང་འགུལ་གྱིས་ཞུགས་ནས“རིག་གནས་ནི་སྲོག་དང་སྐྱེ་ཁམས་ནི་རྩ་བ། གནས་སྐོར་ནི་རྟེན་གཞི”ཡི“ཁོངས་ཡོངས་ཇུས་སྒྲིག་དང་དུས་ཡོངས་གཉེར་སྐྱོང་། སྦྲེལ་ཐག་ཧྲིལ་བོའི་མཉམ་འདྲེས”ཀྱི་འཕེལ་རྒྱས་རྣམ་པ་གྲུབ། མ་དངུལ་སྒོར་ཁྲི6326གི་རིག་གནས་གནས་སྐོར་ལས་གཞི10སྐུལ་འདེད་བཏང་ཞིང་། “བྱང་གི་མདོ་ལའི་གཞུང་ལམ་དགུ་པ”ཡི་སྒེར་སྐོར་ཆས་རྟགས་བསྐྲུན་ཏེ་ལམ་ཐིག་འདི་ནི་ཀྲུང་གོའི་སྒེར་སྐོར་ལམ་ཐིག་ལྔ་ཡི་གྲས་སུ་ཚུད་ཅིང་། རྫོང་ཁོངས་ཀྱང“2025ལོའི་རྒྱལ་ཡོངས་རྫོང་ཁོངས་སྒེར་སྐོར་གནས་སྐོར་དཔེ་སྟོན་རྫོང”དུ་གྱུར། 

“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ནས་བཟུང་། རིམ་རྩིས་བྱས་པ་ལྟར་ན། མདོ་ལ་རྫོང་གིས་གནས་སྐོར་བ་མི་ཐེངས་ཁྲི439.82སྣེ་ལེན་བྱས་ནས་གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར39.67མངོན་འགྱུར་བྱུང་།  2025ལོའི་ཟླ1ནས་ཟླ10བར་གནས་སྐོར་བ་མི་ཐེངས་ཁྲི272.71སྣེ་ལེན་དང་གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར16.69སླེབས་པ་དང་།  དུས་མཚུངས་སུ་སོ་སོར30%དང30.2%འཕར།  རིག་གནས་གནས་སྐོར་གྱིས་གསར་དུ་ཐོ་འགོད་བྱས་པའི་མི་སྒེར་བཟོ་ཚོང་དུད་ཚང181ལ་སྐུལ་ཁྲིད་བྱས་ནས་ཐད་ཀར་ལས་ཞུགས་མི800ལྷག་དང་གཞན་བརྒྱུད་ལས་ཞུགས་མི2000ལས་བརྒལ་ཏེ། གྲོང་གསེབ158གྱི་གནས་སྐོར་སྣེ་ལེན་བྱེད་སའི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་ལ་སྐུལ་འདེད་བྱས་མཐར་ཞིང་གྲོང་སྡོད་དམངས་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འགྱོགས་མྱུར་ངང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་འདུག  ལྷ་ཁམས་ཉམས་སྣང་སྲང་ལམ་ལ་ཞིང་ཆེན་རིམ་པའི་གནས་སྐོར་སྤྲོ་གསེང་སྲང་ལམ་གྱི་གདེང་འཇོག་ཐོབ་སྟེ།  “ལྷ་ཁམས་མདོ་ལའི”ལྗང་མདོག་སྐྱེ་ཁམས་གནས་སྐོར་རྒྱལ་ཡོངས་གྲོང་གསེབ་གནས་སྐོར་གྱི་ལམ་ཐིག་སྤུས་ལེགས་སུ་བདམས་པར་མ་ཟད། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་སོགས་གཟི་བརྗིད་བཅུ་ལྷག་བསྣན་ནས་སྤུས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད། 

མདོ་ལ་རྫོང་གིས“ལྷ་ཁམས་མདོ་ལའི”གསེར་གྱི་མིང་བྱང་མུ་མཐུད་དུ་བྱུགས་ནས“རིག་གནས་གནས་སྐོར+སྐྱེ་ཁམས+ཚན་རྩལ+གྲོང་གསེབ”བཅས་ཀྱི་ཕྱོགས་མང་མཉམ་འདྲེས་གཏིང་ཟབ་ཏུ་གཏང་རྒྱུ་ཡིན།  རིག་ལྡན་གནས་སྐོར་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་།  “མདོ་ལ་སྒེར་སྐོར་གཏོང་བའི”འཕྲིན་སྟེགས་ཆུང་ཆུང་འཐུས་ཚང་དུ་བཏང་ནས་དམའ་དབྱིངས་གནས་སྐོར་དང་ཟབ་ཞུགས་རྣམ་པའི་འཁྲབ་སྟོན་སོགས་ལས་རིགས་གསར་པ་ཁྱབ་གདལ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་གནས་སྐོར་གསར་སྤེལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་ཐཱན་ཉུང་གནས་སྐོར་བྱེད་སྟངས་གསར་པ་ཁྱབ་གདལ་གཏོང་བ། “གྲོང་གསེབ་ཀྱི་ཐོན་ལས་མཉམ་གཉེར”གྱི་རྣམ་པ་གསོ་སྐྱོང་བྱས་ཏེ་སྡོད་ཁང་ཁྱུ་ཚོགས་ཅན་དང་ཐོན་རྫས་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ལ། རོང་འབྲོག་པ་དེ་བས་མང་བོས“གནས་སྐོར་ཁེ་བཟང”སྤྱོད་ཐུབ་སྟེ་རྒྱུ་སྤུས་མཐོ་བའི་གནས་སྐོར་མཉམ་འདྲེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་དུ་འབྲི་བཞིན་ཡོད།



མཉམ་སྤྱོད།