དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་རྐང་ཚས“དམིགས་པ་གསུམ”ལ་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་གྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིད་བྱས།

2024-10-10 15:44:59   |   390

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས“མི་སྣ་འཇོན་ཐང་ཅན་ནི་ཐོན་་ཁུངས་ཨང་དང་པོ་དང་། འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན་པའི”འཐབ་ཇུས་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་ཀྱི་འཐབ་ར་གཙོ་བོར་དམིགས་པ་དང་། མི་སྣ་འཇོན་ཐང་ཅན་ནང་འདྲེན་དང་། སྐྱེད་སྲིང་། བེད་སྤྱོད་བཅས་ལ་དམ་པོར་དམིགས་ཏེ། མི་སྣ་འཇོན་ཐང་ཅན་གྱི་དཔུང་སྡེ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་གི་སྤུས་ཚད་མཐོ་རུ་གཏོང་བ། མི་སྣ་འཇོན་ཐང་ཅན་གྱི་འཇོན་ནུས་འདོན་སྤེལ་གང་ལེགས་བཅས་བྱས། “སློབ་སྦྱོང་བྱེད་དུ་ཕྱི་རུ་སྐྱོད་པ་དང་། གྲུབ་འབྲས་འབུར་ཐོན་ནང་འདྲེན་བྱེད་པའི”འཕེལ་རྒྱས་ཀྱི་རྣམ་པ་བརྒྱུད་ནས། མི་སྣ་འཇོན་ཐང་ཅན་གསོ་སྐྱོང་དང་། མི་སྣ་འཇོན་ཐང་ཅན་ཚུར་འགུག་པ། མི་སྣ་འཇོན་ཐང་ཅན་བེད་སྤྱོད་ཐུབ་པ་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཏེ། རྫོང་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་འཇོན་ཐང་ཅན་གྱི་་མི་སྣའི་རོགས་འདེགས་ཡོད་པར་བྱས།

འཕེལ་རྒྱས་ཁྲིད་སྟོན་ལ་དམིགས་ནས་མི་སྣ་འཇོན་ཐང་ཅན་གྱི་དཔུང་སྡེ་མུ་མཐུད་དུ་འཐུས་ཚང་དུ་བཏང་། “ནང་འདྲེན་དང་གདན་ཞུ། མངགས་བཅོལ། རྒྱུད་འཛིན”བཅས་ཀྱི་རྣམ་པའི་ཐོག་ནས་མི་སྣ་འཇོན་ཐང་ཅན་གྱི་དཔུང་སྡེ་འཛུགས་སྐྱོང་གི་ནུས་ཤུགས་མཐོ་རུ་བཏང་སྟེ། ཡུལ་དེ་གའི་གསོ་རིག་རྐང་འཛིན་གྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱས། སྙིང་ལྕགས་བསྟན་འཛིན་གྱི“རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་སྨན་པའི་རྒྱུད་འཛིན་ལས་སྒྲུབ་ཁང་དང་”ཧྲིན་ཆན་ཁྲིན་གྱི“ཁུལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་སྙན་གྲགས་ལྡན་པའི་སྨན་པའི་ལས་སྒྲུབ་ཁང་”བཙུགས་པ་དང་། སྙན་གྲགས་ལྡན་པའི་སྨན་པ་རྒྱུད་འཛིན་དང་། མི་སྣ་འཇོན་ཐང་ཅན་ནང་འདྲེན། ཆེད་མཁས་རོགས་སྐྱོར་བཅས་ཀྱི་“ཁྲིད་སྟོན་སྤེལ་གསུམ”གྱི་རྣམ་པའི་སྒོ་ནས། སྙིང་ལྕགས་བསྟན་འཛིན་གྱིས་རིག་གཞུང་རྒྱུད་འཛིན་པ9སྐྱེད་སྲིང་བྱས་པ་དང་། གསོ་བ་རིག་པའི་རྐང་འཛིན་སྨན་པ4བོད་ལྗོངས་སུ་སློབ་གཉེར་བྱེད་དུ་མངགས།  སྐབས་ཐོག་གདན་ཞུའི་མི་སྣ103ཡོད་པ་དང་། སློབ་ཆེན་ནས་ཐོན་པའི་གྲོང་གསེབ་སྨན་པ5བསྡུ་འཆར་ཡོད་དེ། མི་སྣའི་དཔུང་སྡེ་སྔར་ལས་སྲ་བརྟན་དུ་བཏང་ཡོད་པ་རེད།  རིན་མེད་མངགས་ཐོ་དང་ལས་རྐང་གཏན་འཁེལ་གྱི་སློབ་མ43བཀོད་སྒྲིག་བྱས་པ་དང་། ཆེད་ལས་ལག་རྩལ་མི་སྣ30ལྷག་ཙམ་ཟབ་ཁྲིད་བྱས། 2023ལོར“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ7རྫོང་དང་ཡུལ་ཚོའི་སྨན་བཅོས་ལས་ཁུངས་སུ་ཞབས་ཞུ་བྱེད་པར་བཀོད་སྒྲིག་བྱས་ཏེ། མི་སྣ་འཇོན་ཐང་ཅན་གྱི་དཔུང་སྡེའི་བྱང་ཚད་མུ་མཐུད་དུ་མཐོ་རུ་བཏང་ཡོད།

ཆེད་ལས་འཛུགས་སྐྱོང་ལ་དམིགས་ནས་མི་སྣ་འཇོན་ཐང་ཅན་སྐྱེད་སྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་།   རྫོང་རིམ་པའི་གཞུང་བཙུགས་སྨན་ཁང2ཀྱི་རིག་ཚན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གིས་བཏང་ཞིང་། རྫོང་རིམ་པའི་སྨན་ཁང་གི་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག2དང་། ཞིང་ཆེན་དང་རྫོང་གིས་ཐུན་མོང་སྒོས་ཁྱད་ལྡན་ཆེད་ལས་ཚན་ཁག8བཙུགས། རྒྱང་རིང་སྨན་བཅོས་དང་། ཐོན་ཁུངས་མཉམ་སྤྱོད། མྱུར་བཅོས་མྱུར་སྐྱོབ་བཅས་ཀྱི་“ལྟེ་གནས་ཆེན་པོ་ལྔ”ཞེས་པ་གསུམ་བསྐྲུན། བྲང་གཟེར་ལྟེ་གནས་དེ་རྒྱལ་ཁབ་རིམ་པའི་བྲང་གཟེར་ལྟེ་གནས་ཀྱི་ཁས་ལེན་ཐོབ་པ་དང་། རྨས་སྐྱོན་ལྟེ་གནས་ལ་ཞིང་ཆེན་རིམ་པའི་ཁས་ལེན་ཐོབ་པ། གཞུང་བཙུགས་སྨན་ཁང2ལ“ཀ་བ་གཉིས་པའི”བསྐྱར་ཞིབ་ཐོབ་པ་བཅས་བྱུང་ཡོད། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་ལ་ཁོག་ནད་ཚན་ཁག་དང་། བདེ་ཐང་སླར་གསོ་ཚན་ཁག ཀྲུང་བོད་གསོ་རིག་སོགས་ཚན་ཁག་བཙུགས་ཡོད་ལ། ཚན་ཁག་འཛུགས་སྐྲུན་དེའང་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བའི་མངོན་རྟགས་ཡིན།  སྡེ་བ་སོ་སོའི་འཕྲོད་བསྟེན་ཁང་དུ་གཞི་རྩའི་སྨན་བཅོས་སྒྲིག་ཆས་དང་གཞུང་སྒྲུབ་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་། རྒྱུན་སྤྱོད་སྨན་སྣ85ཡན་ཟིན་ཡོད་པ་རེད། མིག་སྔའི་བར། རྫོང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་སུ་ཆེད་ལས་ལག་རྩལ་སྨན་པ414ཡོད་ལ། དེའི་ནང་དུ་བྱ་བ་དངོས་ཀྱི་ཆེད་ལས་ལག་རྩལ་མི་སྣ218ཡོད།  མཐོ་རིམ་ལས་ཐོབ32དང་འབྲིང་རིམ་ལས་ཐོབ42གདན་ཞུ་བྱས་ཡོད་ལ། རྫོང་ཡོངས་ཀྱི་སྨན་བཅོས་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་གོང་འཕེལ་དུ་ཕྱིན་འདུག  

མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་མི་སྣ་འཇོན་ཐང་ཅན་གྱི་འཇོན་ནུས་སྔོག་འདོན་ཧུར་ཐག་བྱས། དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་ལ་བརྟེན་ཏེ། དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ད་ལྟའི་མི་སྣ་བཀོད་སྒྲིག་དང་བེད་སྤྱོད་ཡག་པོ་བྱེད་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁ་ཕྱོགས་པའི་ལམ་ལུགས་དོན་འཁྱོལ་བཅས་བྱས། སྔ་རྗེས་སུ་རྫོང་རིམ་པའི་ལས་སྒོའི་རྐང་འཛིན་པ50བདམས་པ་དང་། ཆེད་མཁས་ཚོགས་པ་བདམས་ཏེ་ཁྱོན་སྡོམ་མི22ཀྱིས་རེ་རེ་བཞིན་ལས་སྒོ་མཛུབ་ཁྲིད་གསོ་སྦྱོང་དང་དེ་བཞིན་བདེ་ཐང་འོས་འགན་སྨན་བཅོས་བྱས། རྫོང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་འཇོན་ནུས་མི་སྣའི་ཐོན་ཁུངས་འཁོར་རྒྱུག་བྱས་ཏེ། གཞི་རིམ་ཆེད་ལས་ལག་རྩལ་གྱི་དཔུང་སྡེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་།  སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོ་སོའི་མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ།  བློ་མཐུན26གི་བྱ་བའི་ལས་གནས་ལེགས་སྒྲིག་བྱས་པ་དང་། མི་སྣ་གོ་རིམ་ལྡན་ཞིང་འོས་འཚམ་ངང་འཁོར་རྒྱུག་བྱེད་པར་བརྟེན་ནས་མི་སྣའི་གྲུབ་ཚུལ་རིམ་བཞིན་ལུགས་མཐུན་དུ་གྱུར་བ་དང་འཇོན་ནུས་མི་སྣ་བེད་སྤྱོད་ཚད་མཐོ་རུ་བཏང་བ་རེད། “ངས་སྦྱངས་པའི་གསོ་རིག་གི་སྔོན་ཐོན་ལག་རྩལ་དང་སྔོན་ཐོན་དོ་དམ་བྱེད་ཐབས་དངོས་བཅོས་ལག་ལེན་ནང་སྤྱད་དེ་སྨན་ཁང་གི་སྦྱང་ཚན་ཡར་རྒྱས་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་རྐང་ཚ་རྫོང་མི་དམངས་སྨན་ཁང་གི་བྱིས་པའི་ཚན་ཁག་དང་། ཕྱི་ནད་ཚན་ཁག མྱུར་བརྟག་ཚན་ཁག་སོགས་ནས་ཡོང་བའི་ཟབ་སྦྱོང་མི་སྣསPPTབརྒྱུད་ནས་སློབ་སྦྱོང་གི་ནང་དོན་དང་། ལས་ཀའི་མྱོང་ཚོར། མི་སྒེར་གྱི་གྲུབ་འབྲས་སོགས་ཞིབ་ཕྲ་སྙན་སེང་ཞུས། དེ་ཡིས་སྨན་ཁང་ཡོངས་ཀྱི་སྨན་དོན་མི་སྣར་སློབ་སྦྱོང་གི་སྟེགས་བུ་ཞིག་བསྐྲུན་ཏེ། “ཕྱིར་སྐྱོད་པ་དང་། ཕྱིར་ལོག་པ། མཉམ་སྤྱོད་བྱེད་པ། མཉམ་དུ་ཡར་རྒྱས”བཅས་བྱས་ཏེ་བྱང་ཚད་མཐོར་འདེགས་བཏང་། 

རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ“འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་དང་ལས་སྒོ་དར་སྤེལ”གྱི་འཕེལ་རྒྱས་འཐས་ཇུས་མཐའ་འཁྱོངས་བྱས་ཏེ། འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་ལ་མཐོང་ཆེན་དང་། སྨན་ཞབས་མི་སྣ་ཞིང་ཆེན་ཕྱི་ནང་གི་སྨན་བཅོས་ལས་ཁུངས་སུ་ཟབ་སྦྱོང་བྱེད་དུ་ཆེད་མངགས་བྱས་ལ། “ཕར་འགྲོ་ཚུར་འོང་བྱེད་པའི་”བྱ་ཐབས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་གོང་དུ་ཕྱིན་པ་དང་། སྨན་བཅོས་ཞབས་ཞུ་ཡང་རྩེར་ཟིན་པ།  ཞབས་ཞུའི་སྤུས་ཚད་མཐོ་རུ་འདེགས་པ་བཅས་བྱས་ཏེ། ཕྱིའི་སློབ་སྦྱོང་གི་སྤེལ་རེས་ལ་ཤུགས་བསྣན་ཞིང་། མིག་རྒྱང་བསྐྱེད་པ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།  ལག་རྩལ་གསར་བ་དང་། ལས་སྒོ་གསར་བ། རྣམ་གྲངས་གསར་བ་བཅས་ཧུར་ཐག་གིས་སྤེལ་ཏེ། སྨན་ཁང་གི་སྤྱི་ཡོངས་ཀྱི་སྨན་བཅོས་ལག་རྩལ་ཆུ་ཚད་དང་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་ཤིང་། ནད་པར་སྔར་ལས་སྤུས་ལེགས་ཀྱི་སྨན་བཅོས་དང་ནད་གཡོག་ཞབས་ཞུ་མཁོ་འདོན་བྱས་ཏེ། རྫོང་ཡོངས་ཀྱི་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་ལས་དོན་སྔར་ལས་ཡག་པོ་བསྒྲུབས་ཡོད།


སྐབས་སྔོན་མ། མཚོ་སྔོན་རྐང་ཚའི་དབྱར་དུས་ཀྱི་རླན་སའི་མཛེས་ལྗོངས།
སྐབས་རྗེས་མ། མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྐྱེ་ཁམས་གནས་སྐོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་ཐོག་མ་དེ་ཁེ་རམ་ཐང་ལྗོངས་ཁུལ་དུ་བསྐྲུན།
མཉམ་སྤྱོད།