དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚས་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་ལེགས་བཅོས་ཀྱི་ལོ་གསུམ་ལས་འགུལ་སྤེལ་ཏེ་བདེ་སྡོད་ལས་བརྩོན་དང་གནས་སྐོར་ལ་འཚམ་པའི་མཛེས་སྡུག་རྫོང་མཁར་བསྐྲུན་ཡོད།

2025-10-27 09:56:22   |   72

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས“རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་མཁར”དང“ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང”གསར་སྐྲུན་བྱས་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ་དང་། ཏན་ཏིག་སྒོས་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་ལེགས་བཅོས་ཀྱི་ལོ་གསུམ་ལས་འགུལ་ལ་སྐུལ་འདེད་བཏང་བས། ཕྱོགས་ཡོངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་ཇེ་མཐོར་བཏང་ནས་བདེ་སྡོད་ལས་བརྩོན་དང་གནས་སྐོར་ལ་འཚམ་པའི་མཛེས་སྡུག་རྫོང་མཁར་བསྐྲུན་ཡོད།

རྫོང་འདིས“ཏང་སྲིད་ཀྱིས་གཅིག་གྱུར་འཆར་འགོད་དང་། གྲོང་སྡེ་དང་སྤྱི་ཚོགས་མཐུན་སྦྱོར། མང་ཚོགས་ཞུགས་པ”བཅས་ཀྱི་རིམ་པ་གསུམ་གྱི་མཉམ་འགུལ་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁོར་ཡུག་ལེགས་བཅོས་ཀྱི“ལམ་ཐིག་རི་མོ”བཟོས་པ་དང་། ཕྱོགས་ཡོངས་གྲལ་བཤེར་དང“ཡུལ་དངོས་ལས་སྒྲུབ”ཀྱི་རྣམ་པ་སྤྱད་དེ་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་ལེགས་བཅོས་དང་རྒྱལ་ཁོངས་ལྗང་འགྱུར་ལས་དོན་སྤེལ། མང་ཚོགས་ཉེ་འཁོར་གྱི་འབུར་ཐོན་ཁོར་ཡུག་གནད་དོན་ལ་དམིགས་ནས། 2025ལོ་ནས2027ལོའི་བར་ཞིབ་བཤེར་བཅོས་སྐྱོང་དང་གཅིག་སྡུད་འགག་སྒྲོལ། སྲ་བརྟན་མཐོར་འདེགས་བཅས་དུས་རིམ་གསུམ་དབྱེ་ནས་གྲོང་ཁུལ་དང་ཞིང་སྡེ། ཁྲོམ་ར་དང་མཚེའུ་འགྲམ། ཨར་སྐྲུན་ལས་གྲྭ་དང་སློབ་གྲྭ། སྨན་ཁང་དང་ལྕགས་ལམ་ལམ་རྒྱུད་སོགས་ཁྱབ་ཁོངས་ཆེན་པོ་བརྒྱད་ཀྱི་འཕྲོད་བསྟེན་གནད་དོན་ལ་ལོ་གསུམ་རིང་གཅིག་སྡུད་བཅོས་སྐྱོང་བྱས་ལ། གད་སྙིགས་དང་ཕྱི་རོལ་བརྡ་ཁྱབ། ནད་ཀྱིས་ཤི་བའི་ཕྱུགས་རིགས་དང་ཁྱིམ་བྱ། ས་བརྐོ་བྱེ་སློག་དང་ཞིང་ལས་ཐོན་སྐྱེད་ཀྱི་བེད་མེད་དངོས་པོ་སོགས་བཅོས་སྐྱོང་བྱ་རིགས་ཁག36ཚུད་ཡོད། ས་ཁོངས་ཡོངས་ལ་ཞིབ་བཤེར་དང་ཁྱོན་ཡོངས་གཙང་སེལ་བྱེད་པ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་མཐོར་འདེགས་བཅས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཏེ། “ཤེས་རྟོགས་དང་། བཅོས་སྐྱོང་། ཕྱིར་ལྟ”ཡི་གདུབ་ཟུམ་དོ་དམ་བྱེད་སྟངས་དང་། “དུས་ཐུང་འགག་སྒྲོལ”དང“ཡུན་རིང་དམག་འཐབ”ཟུང་འབྲེལ་གྱི་བསམ་ཕྱོགས་ལྟར། སྔོན་སླ་རྗེས་དཀའ་ཡི་གོ་རིམ་ལྟར་སྐུལ་འདེད་བཏང་སྟེ། ཁོར་ཡུག་གི་དཀའ་གནད་རྩ་བའི་ཐོག་ནས་ཐག་གཅོད་གང་ཐུབ་བྱས།

རྐང་ཚ་རྫོང་གིས་གྲོང་ཁུལ་དང་སྡེ་བ། ཁྲོམ་ར། ལྗོངས་ཁུལ། བགྲོད་ལམ་ལམ་རྒྱུད། ཆུ་བོ་དང་མཚེའུ་ཡི་འབབ་རྒྱུད་བཅས་ཀྱི་བེད་མེད་གློག་སྡོང་དང་གློག་སྐུད། གང་བྱུང་དུ་བསྐྲུན་པའི་བཟོ་སྐྲུན་བཅས་ཀྱི་རྙོག་འཛིང་དང་འབག་བཙོག་ཅན་གྱི་རྣམ་པ་རེ་རེ་བཞིན་དབྱེ་དགར་བྱས་ཏེ། ལས་ཀའི་ཞིབ་ཐོ་ཞིབ་ཕྲ་བཟོ་བ་དང་ལས་ཀའི་བྱེད་ཐབས་ཞིབ་མོ་བྱས་ཏེ། གནད་དོན་གཡོལ་ས་མེད་པར་བྱས། “རིགས་དབྱེ་ལེགས་སྒྲིག་དང་ཟླ་སྒྲིལ་ལེགས་སྒྲིག བེད་མེད་གཙང་སེལ”བཅས་ཀྱི་ཚད་ལྡན་ཅན་གྱི་བརྒྱུད་རིམ་སྤྱད་དེ། སྐུད་ཐག་བཅོས་སྐྱོང་ཚད་ལྡན་དུ་བཏང་།

རྫོང་འདིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དང་གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལས་འགུལ་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། གཅིག་གྱུར་འཆར་འགོད་དང་མང་ཚོགས་སྐུལ་འདེད། དངོས་སྒྲུབ་བྱ་ཐབས། མ་དངུལ་གཏོང་འཇོག དཔྱད་ཞིབ་ནན་མོ་བྱེད་པ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པ་སོགས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་གྲོང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པོ་བྱས། རྒྱུན་ལྡན་གྱི་སྐོར་ཞིབ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། བཅོས་སྒྲིག་ལས་འགུལ་གྱི་ཉམས་མྱོང་དུས་ཐོག་ཏུ་ལེགས་སྒྲིག་དང་གདམ་གསེས། ཕྱོགས་བསྡུས་བཅས་བྱས་ཏེ། ཁྱོན་ཡོངས་ནས་འགན་འཁྲིའི་འབྲེལ་ཐག་དང་ལམ་ལུགས་ཀྱི་གྲུབ་འབྲས། དོ་དམ་བྱེད་ཐབས་དང་འགན་སྲུང་ལམ་སྲོལ་སོགས་ཀྱི་ཐད་ལ་གསར་གཏོད་བྱེད་སྟངས་དང་ནུས་ལྡན་ཉམས་མྱོང་ཁྱབ་གདལ་བཏང་ནས་ལད་མོ་དང་ཁྱབ་གདལ་གཏོང་ཆོག་པའི་ལས་ཀའི་རྣམ་པ་ཆགས་པར་བྱས། དེ་བས་རྐང་ཚ་རྫོང་གི་སྐྱེ་ཁམས་འཛུགས་སྐྲུན་ལ་རྒྱུན་སྲིང་གི་སྒུལ་ཤུགས་བསྣན་ཡོད། ལོ་གསུམ་རིང་གི་དུས་ཚོད་ནང་ཆད་སྐྱོན་སེལ་བ་དང་ཞན་ཆ་གསབ་པ། རྨང་གཞི་བརྟན་གཏོང་དང་ལེགས་ཆ་དར་སྤེལ་བྱེད་པ་བཅས་བརྒྱུད། གྲོང་ཁུལ་སྔར་ལས་གཙང་ཞིང་དག་པ་དང་ཞིང་སྡེ་སྔར་ལས་མཛེས་ཤིང་སྡུག་པ། ཁྲོམ་ར་སྔར་ལས་ཚུལ་དང་མཐུན་པ། ཆུ་བོ་དང་མཚེའུ་སྔར་ལས་དྭངས་ཤིང་གཙང་པ་ཞིག་ཡོང་བར་བྱས།



མཉམ་སྤྱོད།