དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིག་གནས་དང་གནས་སྐོར་མཉམ་འདྲེས་ཀྱི་ལེ་ཚན་གསར་པ། བདེ་བརྟན་མདའ་བཞིའི་མཛེས་སྡུག་འདི་ན་མངོན།

2025-04-08 16:38:21   |   912

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས“གནས་སྐོར+”རྣམ་པའི་ཐོག་ནས་རིག་གནས་གནས་སྐོར་བྱེད་སྒོ་རབ་དང་རིམ་པ་གསར་གཏོད་ཀྱིས་གཉེར་བ་དང་ཤུགས་རྐྱེན་ལྡན་པའི་གནས་སྐོར་སྤུས་རྟགས་བཏོད་པ། མདའ་བཞིའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། དེ་བཞིན་དམངས་སྲོལ་རིག་གནས་འབུར་དུ་ཐོན་པ་མ་ཟད། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་དང་ས་མཐོའི་རིག་གནས་གནས་སྐོར་གྲགས་ཅན་གྲོང་ཁྱེར་འཛུགས་སྐྲུན་གཙོ་གནད་དུ་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་གཞི་ཚུགས་ནས་མདའ་བཞིའི་ཐུན་མོང་མ་ཡིན་པའི་རིག་གནས་ཡིད་དབང་འཕྲོག་ཤུགས་གང་ལེགས་ཀྱིས་མངོན་པ་དང་། ད་ལྟ་རྒྱལ་ཡོངས་ཀྱི་གསར་བརྗེ་སློབ་གསོའི་རྟེན་གཞི་དང་སྐྱེ་ཁམས་གནས་སྐོར་དམིགས་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།

མདའ་བཞི་རྫོང་གིས་དུས་ཆེན་ལ་བརྟེན་ནས་སྐུལ་ཁྲིད་བྱས་ཏེ། གནས་སྐོར་འཕེལ་རྒྱས་ཀྱི་རོལ་དབྱངས་གསར་པ་དཀྲོལ་བཞིན་ཡོད། དུས་ཆེན་དང་ཚོགས་འདུ་སྣ་ཚོགས་གོ་སྐབས་སུ་བརྩིས་ནས“དུས་ཆེན་སྨྱན་སྦྱོར་དང་དཔལ་འབྱོར་གྱིས་ཟློས་གར་འཁྲབ་པའི”གར་སྟེགས་ཧུར་ཐག་གིས་བསྐྲུན་ཡོད། ན་ནིང་དགུན་ཁ་ནས་བཟུང་། “དུས་ཚོད་དང་བྱེད་སྒོའི་ལམ་ཐིག འགན་སྲུང་ཁྱབ་ཚུལ”དང་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོའི་ལམ་ཐིག4ཇུས་འགོད་བྱས་པ་དང་། དགུན་དུས་གནས་སྐོར་མགོ་རྩོམ་མཛད་སྒོ་དང་གསེར་མཚོའི་གངས་འཁྱགས་ལུས་རྩལ་འགྲན་ཚོགས། དུས་ཆེན་གཉིས་ཀྱི་བྱེད་སྒོ་རབ་དང་རིམ་པ། མཚོ་སྔོན་པོའི“ཞལ་སྒོ་འབྱེད་པ”སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཁག10ལྷག་ཙམ་གཉེར་བ་དང་། རིག་གནས་གནས་སྐོར་བྱེད་སྒོའི་སྤུས་རྟགས་གསར་པ་སྐྱེད་སྲིང་དང་རིག་གནས་གནས་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་གཏོད་པ། རིག་གནས་གནས་སྐོར་ཁྲོམ་རའི་གསོན་ཤུགས་གསར་པ་སྐུལ་སྤེལ་བཅས་བྱས། མིག་སྔར་རྫོང་ཡོངས་ཀྱིས་དགུན་དུས་གནས་སྐོར་བ་མི་ཐེངས་ཁྲི17.4སྣེ་ལེན་བྱས་པ་དང་། གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི4877ཡིན་པ་དེ་དུས་མཚུངས་ལས13.3%དང11.5%འཕར་ཡོད།

མདའ་བཞི་རྫོང་གིས་ལེགས་ཆ་ལ་གཞི་ཚུགས་ནས། རིག་གནས་དང་གནས་སྐོར་མཉམ་འདྲེས་ཀྱི་སྒུལ་ཤུགས་གསར་པ་སྦར་ཡོད། 《རྟའི་ཐོན་ལས་འཕེལ་རྒྱས་འཆར་འགོད》ལག་བསྟར་གཏིང་ཟབ་བྱས་ཏེ། རྟའི་ཐོན་ལས་དང་གྲོང་གསེབ་དར་སྤེལ་ཐོན་ལས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ། ལུས་རྩལ་དང་རིག་གནས་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། རྟ་གསོ་སྐྱོང་དང་རྟ་རྒྱུག་འགྲན་སྡུར། གནས་སྐོར་ཉམས་ལེན། ཐོན་རྫས་གསར་སྤེལ། རིག་གནས་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་རྟའི་རིག་གནས་ཐོན་ལས་འབྲེལ་ཐག་གསོ་སྐྱོང་བྱས། དེ་དང་ཆབས་ཅིག་རྟའི་རིག་གནས་དེ་གསར་བརྗེ་ཞིབ་སློབ་ནང་འདྲེས་ནས་གསར་བརྗེ་ཞིབ་སློབ་རིག་གནས་ཀྱི་ནང་དོན་ཟབ་ཏུ་བཏང་ནས་ལུས་རྩལ་འགྲན་སྡུར་དང་རིག་གནས་གནས་སྐོར་གཉིས་ཚད་མཐོའི་མཉམ་འདྲེས་མངོན་འགྱུར་བྱས། མིག་སྔར། རྫོང་ཡོངས་སུ་རྟ་རྩལ་མཐུན་ཚོགས1དང་། རྟའི་འགྲན་སྡུར་མཐུན་ཚོགས2དང་། རྟའི་ལས་རིགས་མཐུན་ཚོགས1དང་། རྟ་གསོ་སྤེལ་ཁྱིམ་ཚང729དང་། རྟ5500བཅས་ཡོད་པ་དང་། ལོ་རེར“མཚོ་སྔོན་གྱོ་རྒྱའི”རྟ་རྒྱུག་འགྲན་སྡུར་བྱེད་སྒོ་ཐེངས10ལྷག་གཉེར་བཞིན་ཡོད། 

མདའ་བཞི་རྫོང་གིས་སྲིད་ཇུས་ཀྱི་རོགས་རམ་ལ་བརྟེན་ནས། རིག་གནས་གནས་སྐོར་ཐོན་ལས་ཀྱི་གསོན་ཤུགས་གསར་པ་སྐུལ་སྤེལ་བཏང་ཡོད། 《མདའ་བཞི་རྫོང་གི་རིག་གནས་གནས་སྐོར་ལས་རིགས་ཀྱི་བྱ་དགའ་དང་རོགས་སྐྱོར་བྱ་ཐབས》གཏན་འབེབས་བྱས་ཏེ། ཚོགས་པ་སྒྲིག་འཛུགས་བྱས་ནས་མདའ་བཞི་རུ་གནས་སྐོར་བྱེད་པར་ཡོང་བའི་ས་ཆ་གཞན་གྱི་གནས་སྐོར་ཁང་དང་གནས་སྐོར་སྐར་རིམ་ཟ་ཁང་། གྲོང་གསེབ་ཀྱི་གནས་སྐོར་སྣེ་ལེན་ས་ཚིགས་སོགས་ལ་བྱ་དགའ་སྤྲོད་པའི་རྐྱེན་སྲོལ་ལག་བསྟར་བྱས། “མགྲོན་པོ་མདའ་བཞི་རུ་བཀུག་ན”བྱ་དགའ་མཐོ་ཤོས་སྒོར་ཁྲི5སྤྲོད་པ་ཡིན། དེ་དང་ཆབས་ཅིག་མདའ་བཞི་རྫོང་ནོར་སྲིད་སྡེ་ཁག་གིས་ལོ་རེར་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན། ཁུལ། དེ་བཞིན་མདའ་བཞི་རྫོང་བཅས་ཀྱི་ཐོན་ལས་འཕེལ་རྒྱས་སྲིད་ཇུས་དང་མཐུན་པར་རྒྱབ་སྐྱོར་བྱས་ཏེ། རྣམ་གྲངས་ཁྲོམ་རའི་མདུན་ལམ་བཟང་བ་དང་། སྤྱི་ཚོགས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་མི་གྲངས་མང་བ་མ་ཟད། གཙོ་བོ་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་སྤྱད་ནས་འཛུགས་སྐྲུན་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཁེ་ལས་ཀྱི་རང་འཛུགས་རྣམ་གྲངས་ལ་སྔོན་ལ་ཁ་གསབ་སྤྲོད་རྒྱུ་དང་། རྣམ་གྲངས་ཁེར་རྐྱང་གི་ལོ་རེའི་སྐྱེད་གསབ་དངུལ་གྲངས་མཐོ་ཤོས་སྒོར་ཁྲི20ཡིན་པ་དང་། གནས་སྐོར་ཐོན་ལས་འཕེལ་རྒྱས་ཡོང་བར་འགན་སྲུང་ནུས་ལྡན་བྱས་ཡོད།



མཉམ་སྤྱོད།