དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདའ་བཞི་རྫོང་གི་ཆེས་ཐོག་མའི་ཨ་ཧྥེ་རི་ཁ་བྱང་མའི་བྱ་རྔ་མོང་སྐེ་དམར་གྱི་བྱ་ཕྲུག15སྒོ་ང་ལས་ཕྱིར་ཐོན་པ།

2025-06-20 15:59:04   |   309

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོ་མཐོན་པོ་སྡེ་བའི་ཁྱད་ལྡན་གསོ་སྤེལ་རྟེན་གཞིར་ཉིན42ཡས་མས་ཀྱི་གསོ་སྤེལ་དུས་ཡུན་བརྒྱུད། ཨ་ཧྥེ་རི་ཁ་བྱང་མའི་བྱ་རྔ་མོང་སྐེ་དམར་གྱི་ཐོག་དང་པོའི་བྱ་ཕྲུག15སྒོང་ང་ལས་ཕྱིར་ཐོན་པ་དང་། འདི་ནི་གསོ་སྤེལ་རྟེན་གཞི་དེས་མིས་བཟོས་གསོ་སྤེལ་བྱས་པའི་བྱ་རྔ་མོང་གི་བྱ་ཕྲུག་ཁག་ཐེངས་དང་པོ་ཡིན།

ཐེངས་འདིར་ཁྱོན་སྡོམ་བྱ་རྔ་མོང་གི་སྒོ་ང130ཡས་མས་ཟླ5ཚེས3ཉིན་གཅིག་རྗེས་གཉིས་མཐུད་ངང་སྒོ་ང་ཆགས་སུ་བཅུག་པ་དང་། རང་འགུལ་རིག་ནུས་གསོ་སྒྱུར་འཕྲུལ་འཁོར་སྤྱད་པས་གསོ་སྒྱུར་ལས་དོན་འཆར་གཞི་ལྟར་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་སྒོ་ང་ལས་ཕྱིར་ཐོན་ཚད85%ཡན་ཟིན་ཞིང་། ཨ་ཧྥེ་རི་ཁ་བྱང་མའི་བྱ་རྔ་མོང་སྐེ་དམར་ནི་འཛམ་གླིང་སྟེང་གི་གཟུགས་བོངས་ཆེ་ཤོས་ཀྱི་འདབ་ཆགས་ཀྱི་གྲས་ཡིན་པ་དང་། བྱ་དེའི་ལུས་པོའི་ལྗིད་ཚད་སྤྱི་རྒྱ150ལྷག་ལ་སླེབས་པས་ཀུན་གྱིས་བྱ་དེར“འདབ་ཆགས་ཁྲོད་ཀྱི་གྱད་མི”ཞེས་བརྗོད་ཀྱི་ཡོད། བྱ་དེའི་ཤའི་སྤུས་ཀ་མཉེན་ཞིང་ཞིམ་ལ་སྤྲི་དཀར་རྫས་ཕུན་སུམ་ཚོགས་ཞིང་གཞི་རྒྱུ་མང་པོ་འདུས་པས། “གསེར་ལས་ལྷག་པའི་ཤ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད་པས་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། དེ་མིན། བྱ་རྔ་མོང་གི་སྒོ་ང་ལ་ཡང་སྤྱོད་སྒོ་རྒྱ་ཆེ་བ་དང་བྱ་ཕྲུག་ཡིན་དུས་བཟའ་ཆོག་ལ་བཟོ་རྩལ་ཐོན་རྫས་ཀྱང་བྱས་ཆོག  ད་དུང་བྱ་རྔ་མོང་གི་པགས་པས་ཀོ་ཁུག་དང་ཀོ་ལྷམ་ཡང་བཟོས་ཆོག གང་ལྟར་བྱ་རྔ་མོང་གི“ལུས་ཡོངས་ནི་རིན་པོ་ཆེ་ཡིན”ཞེས་བཤད་ཆོག 

མིག་སྔར་རྟེན་གཞི་དེར་བྱ་རྔ་མོང་རིགས40གསོ་སྤེལ་བྱས་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་རེར་བྱ་ཕྲུག500ནས600ཡས་མས་གསོ་སྤེལ་བྱ་ཐུབ་ཅིང་། ལོ་རེར་སྒོ་ང1800ནས2000ཡས་མས་ཐོན་ཐུབ་པས། དྲ་ཐོག་དང་ཡུལ་དངོས་ཀྱི་ཕྱིར་འཚོང་བྱེད་སྟངས་བརྒྱུད། རྒྱལ་ཡོངས་ས་གནས་ཁག་ལ་ཕྱིར་འཚོང་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ལོ་རེར་ཕྱིར་འཚོང་སྡོམ་འབོར་སྒོར་ཁྲི150ལྷག་ཡོད། མདའ་བཞི་རྫོང་གི་གཞི་ཁྱོན་ཅན་གྱི་བྱ་རྔ་མོང་གསོ་སྤེལ་རྣམ་གྲངས་དང་པོ་ཡིན་པའི་ངོས་ནས“ས་མཐོའི་གནས་སྤོས་བྱ་རིགས”དེ་དག2024ལོའི་ཟླ9པར་གཞིས་ཆགས་པ་ནས་བཟུང་ཉིན་མཚན་གྱི་དྲོད་ཚད་ལ་ཁྱད་པར་ཆེ་བ་དང་མཁའ་རླུང་གི་དབྱངས་དབུགས་འདུས་ཚད་དམའ་བ་སོགས་ཁོར་ཡུག་གི་དཀའ་ཁག་མང་པོ་ཁྱད་དུ་བསད་པར་མ་ཟད། མིས་བཟོས་གསོ་སྤེལ་ཆ་རྐྱེན་འོག་རྒྱུན་ལྡན་རང་བཞིན་གྱི་གསོ་སྤེལ་མངོན་འགྱུར་བྱུང་ཡོད་ལ། རྒྱུས་ལོན་བྱུང་བ་ལྟར་ན། བྱ་རྔ་མོང་གི་གསོ་སྤེལ་གྱིས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་ཐུབ་པ་མ་ཟད། རྫོང་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་ལའང་བསམ་ཕྱོགས་སྔར་ལས་གསར་པ་མཁོ་འདོན་བྱས་ཡོད། 

མདའ་བཞི་རྫོང་གིས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཁྱད་ལྡན་གསོ་སྤེལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ནས། ཁྱད་ལྡན་གསོ་སྤེལ་དང་སྐྱེ་ཁམས་ཞིབ་འཇུག་དང་སློབ་སྦྱོང་གཞི་གཅིག་ཏུ་འདུས་པའི་ཐོན་ལས་གཞི་ཚོགས་ཧུར་ཐག་སྒོས་བཏོད་ནས“ཞིང་ལས་དང་ལུས་རྩལ། རིག་གནས་གནས་སྐོར། ཚོང་ལས”བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ཡོང་བར་གསོན་ཤུགས་གསར་པ་བསྣན་ཡོད།



མཉམ་སྤྱོད།