དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་གྱིས་ཞོད་འགོག་ལས་དོན་གྱི་འགན་འཁྲི་ཏན་ཏིག་གིས་བསྒྲུབས་པ།

2025-07-24 10:30:53   |   373

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་དྲ་བ་ལས་ཤེས་གསལ་ལྟར་ན། ཉེ་ཆར། མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་གྱིས་མཚོ་སྔོན་ཞིང་ཆེན་དང་མཚོ་བྱང་ཁུལ་ཨུ། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་བླང་བྱ་ལྟར། མི་དམངས་ལྟེ་བ་དང་ཚེ་སྲོག་ལྟེ་བར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཚད་མཐོའི་འགན་འཁྲི་འདུ་ཤེས་ཁུར་དུ་བཞེས་ནས་ཞོད་འགོག་ལས་དོན་ཁག་གི་འགན་འཁྲི་ཏན་ཏིག་གིས་བསྒྲུབས་ཤིང་། ལག་ལེན་དངོས་ལ་བརྟེན་ནས་ས་གནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱས།  

མཁར་ཟུར་གསུམ་གྲོང་རྡལ་ཏང་ཨུ་དང་གྲོང་རྡལ་སྲིད་གཞུང་གིས་ཞོད་འགོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་ཆར་ཞོད་ཆེ་བའི་སྐབས་འབྱུང་སྲིད་པའི་ཉེན་ཁའི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་རྗེས། དུས་ཐོག་ཏུ་ཞོད་འགོག་ཐད་ཀྱི་མྱུར་མཁོའི་ཐབས་ཤེས་བཟོས་ཏེ་གྲོང་རྡལ་སྲིད་གཞུང་ཀྱི་མགོ་ཁྲིད་གཙོ་བོ་དག་ཡུལ་དངོས་ལ་དངོས་སུ་བསྐྱོད་ནས་བཀོད་འདོམས་བྱས་པ་བརྒྱུད། དུས་ཐོག་ཏུ་བྱུར་རྐྱེན་ས་ཚིགས་ཁག་གི་ཉེན་ཁ་སེལ་ཞིང་ཏང་སྲིད་ཀྱི “མགོ་གཙོ་དང་པོས”སྣེ་ཁྲིད་ནས་སྤྱིའི་ཆར་དམ་འཛིན་བྱེད་པ་དང་འགན་འཁུར་མགོ་ཁྲིད་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱེད་པ། འཕྲལ་སྡོམ་འགན་འཁུར་བློ་མཐུན་གྱིས་ས་ཚིགས་སུ་བྱ་བར་འགན་འཁུར་བའི་བྱ་བའི་རྣམ་པས་ཞོད་འགོག་གནོད་འཚེ་ཇེ་ཉུང་དུ་གཏོང་བར་ཁག་ཐེག་བྱས།  

སྐད་འཕྲིན་འཕྲིན་སྟེགས་དང་སྐད་འཕྲིན་ཚོགས་པ་བརྒྱུད་ནས་ཞོད་འགོག་དྲིལ་སྒྲོག་དང་དྲིལ་སྒྲོག་ལག་དེབ་མང་ཚོགས་ཁྲོད་བཀྲམ་ཞིང་། ཞོད་འགོག་འཕྲལ་སྡོམ་འཁྲབ་སྦྱོང་ཡུལ་དངོས་དང་དྲ་ཐོག་གཉིས་ཆ་ནས་སྤེལ་བ་བརྒྱུད། མི་དམངས་མང་ཚོགས་ལ་ཞོད་འགོག་ཐད་ཀྱི་ཤེས་བྱ་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ཐབས་ཤེས་དང་ཉེན་བརྡ་སོགས་དྲིལ་སྒྲོག་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་བརྡའི་ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་མི་རེ་རེའི་རྣ་ལམ་དུ་བརྒྱུད་བསྒྲགས་བྱས་ཏེ་ཞོད་འགོག་ཤེས་རྟོགས་ཀྱི་ནུས་པ་དང་རང་བདག་རང་སྲུང་གི་ནུས་པ་མཐོར་འདེགས་བཏང་། གཞན་ད་དུང་གང་མྱུར་སྒོས་གྲོང་རྡལ་གྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་དང་སྡེ་བ། སྡེ་ཁུལ་གྱི་ཨུ་ཡོན་གཉིས་ཀྱི་ཁོངས་མི། འཕྲལ་སྡོམ་འགན་འཁུར་བློ་མཐུན་མི་སྣ་སོགས146མགྱོགས་མྱུར་སྒོས་བསྡུ་རུབ་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་བྱུར་རྐྱེན་ས་ཚིགས24ལ་བསྐྱོད་ནས་ཞིབ་ཚགས་རང་བཞིན་གྱི་སྐོར་ཞིབ་དང་། ནང་སྒོས་སུ་ལ་གཟར་མཐོ་ས་དང་ཆུ་ཕྲན་ཆེ་ཆུང་། ཁང་རྙིང་། ས་དམའ་ས་དང་བཟོ་སྐྲུན་ཡུལ་དངོས་སོགས་ལ་གཙོ་གནད་སྒོས་སྐོར་ཞིབ་བྱས་ཏེ་ཉེན་ཁ་ཡོད་སའི་གནད་དོན་ལ་དུས་ཐོག་ཏུ་ཐབས་ཤེས་སྤྱད་ནས་ཐག་གཅོད་བྱས། དེ་མ་ཟད་ཁུག་མ་དང་ལྕགས་ཁེམ། སྲོག་སྐྱོབ་ལྭ་བ། ཆུ་འདྲེན་འཕྲུལ་འཁོར་སོགས་ཞོད་འགོག་གི་དངོས་རྫས་འདང་ངེས་གྲ་སྒྲིག་དང་འབྲེལ་ཡོད་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ། གནད་འགག་གི་སྐབས་སུ་དངོས་རྫས་དུས་ལྟར་ལེན་ཐུབ་པ་དང་བེད་སྤྱོད་ཐུབ་པར་ཁག་ཐེག་བྱས། གཞན་ཡང་མངའ་ཁུལ་གྱི་ཆུ་མཛོད་དང་ཆུ་ལོག་འགོག་པའི་ཆུ་ཡུར་སོགས་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཆུ་ལམ་གྱི་སྙིགས་འདམ་དང་གད་སྙིགས་གཙང་སེལ་བྱས་ནས་ཆུ་འབུད་ཤར་གཏོང་ཐུབ་པར་ཁག་ཐེག་བྱས།

ཉེན་ཁའི་སྐབས་སུ་གནས་སྤོར་བྱེད་དགོས་པའི་མི་གཅིག་ཀྱང་མ་ལུས་པར་སྤོར་དགོས་པའི་རྩ་དོན་ལྟར། ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་རྗེས་གྲོང་རྡལ་དང་སྡེ་བའི་འགན་འཁུར་མགོ་ཁྲིད་ཡུལ་དངོས་ལ་སོང་ནས་མང་ཚོགས་གནས་སྤོར་གྱི་བྱ་བར་བཀོད་སྒྲིག་ཡག་པོ་བྱས་ཤིང་། ཉེན་ཁ་ཆེ་བའི་ཁང་པ་དང་བྱུར་རྐྱེན་ས་ཚིགས་ཉེ་འགྲམ་གྱི་ཁྱིམ་ཚང69ཡི་མང་ཚོགས235གནས་སྤོར་བྱས་པ་དང་། གནས་སྤོར་བྱས་པའི་མང་ཚོགས་རྣམས་གཅིག་བསྡུས་སྒོས་བདེ་འཇགས་ས་ཚིགས་ལ་བཀོད་སྒྲིག་བྱས་པ་དང་ཁོ་ཚོར་མཁོ་ངེས་ཀྱི་བཟའ་བཏུང་དང་འཐུང་ཆུ། མལ་ཆས་སོགས་འཚོ་བའི་དངོས་རྫས་མཁོ་འདོན་བྱས་ནས་འཚོ་བའི་ཐད་ཀྱི་རྨང་གཞིའི་དགོས་མཁོར་ཁག་ཐེག་བྱས་པར་མ་ཟད། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་སྲུང་སྐྱོབ་པའི་འགན་འཁྲི་ཏན་ཏིག་གིས་འཁུར།



མཉམ་སྤྱོད།