དེ་རིང་ནི2025ལོའི་ཟླ10པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་སྟོན་དུས་ཆེན་སྐབས་མཚོ་སྔོན་པོའི་སྨོན་ལམ་མཐོན་པོ་ལྗོངས་ཁུལ་དུ་ཕེབས་མཁན་སྔར་བཞིན་མང་བ།

2025-10-09 16:46:38   |   158

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསེར་མདོག་གིས་བརྒྱན་པའི་ཟླ་བཅུ་པ་ནི་རང་རེའི་མེས་རྒྱལ་དབུ་བརྙེས་པའི་དུས་ཆེན་ཡིན་ལ།དུས་ཚིགས་འདིར་མཚོ་སྔོན་པོའི་ཆེས་ལེགས་པོའི་ལྗོངས་གཟིགས་སྟེགས་བུར་གྲགས་པའི་སྨོན་ལམ་མཐོན་པོའི་ལྗོངས་ཁུལ་ནི། དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་རྔམ་མཐུག་པའི་རིག་གནས་སྐྱེ་ཁམས་ལ་བརྟེན་ནས། ད་ལོར་ཞིང་ཆེན་ནང་ཁུལ་གྱི་གནས་སྐོར་བྱ་ཡུལ་གཙོ་བོ་ཞིག་ཏུ་ཆགས་ཡོད་པས། ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་མང་པོ་ཞིག་གནས་འདིར་ལྟ་སྐོར་དུ་ཕེབས་བཞིན་ཡོད། སྡོམ་རྩིས་བྱས་པ་ལྟར་ན། ཐེངས་འདིའི་རྒྱལ་སྟོན་གུང་གསེང་གི་སྔོན་མའི་ཉིན་གསུམ་ནང་མཚོ་སྔོན་པོ་དང་སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱིས་གནས་སྐོར་བ་ཁྲི1ལྷག་ལ་སྣེ་ལེན་བྱས་པ་དང་ལྗོངས་ཁུལ་འདིའི་སྙན་གྲགས་མུ་མཐུད་དུ་ཞིང་ཆེན་ཕྱི་ནང་ལ་ཆེས་ཆེར་རྒྱས་བཞིན་པའི་སྐབས་ཡིན་འདུག

8ecd4807905e98288e89d8f3c8002665.jpg

སྟོན་དུས་ཀྱི་སྨོན་ལམ་མཐོན་པོ་ནི་ཚོན་མདངས་རྣམ་པར་བཀྲ་བའི་མཐོ་སྒང་གི་རི་མོ་ཞིག་དང་གཉིས་སུ་མ་མཆིས་ཤིང་། སྟོན་རླུང་དལ་གྱིས་ལྡང་བ་ན་རི་མགོའི་རྩི་ཤིང་དང་ནགས་ཚལ་དག་ནི་གསེར་མདོག་དང་ལི་དམར་སོགས་ཀྱི་གྱོན་ཆས་མནབས་པ་དང་མཚུངས་ཤིང་། དེ་དང་རྒྱང་རིང་དུ་སྔོ་ལྡེམ་མེར་འཁྱིལ་བའི་མཚོ་སྔོན་པོ་གཉིས་ཀྱིས་གནས་འདིར་སྙན་ངག་དང་རི་མོ་ལྟ་བུའི་མཛེས་ལྗོངས་ཁྱད་པར་བ་ཞིག་གྲུབ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4024ཡོད་པའི་རི་རྩེ་རུ་འགྲེང་ཚེ། མཚོ་སྔོན་པོའི་རྣམ་པ་ཡོངས་སུ་རྫོགས་པ་མཐོང་ཐུབ་པར་མ་ཟད། འོད་དུ་འཚེར་བའི་མཚོ་མོ་ནི་གནམ་སྔོན་མོ་དང་ཡུག་གཅིག་ཏུ་འདྲེས་པའི་སྣང་བ་སྟེར། གཞན་ཡང་རི་རྩེའི་རླུང་ཤུགས་གློག་འདོན་འཕྲུལ་ཆས་དང་རྩྭ་ཐང་དུ་ཐང་མར་བརྡལ་བའི་ནོར་ལུག་གིས་ཀྱང་སྟོན་དུས་ཀྱི་སྨོན་ལམ་མཐོན་པོར་སྐྱེ་སྟོབས་དང་གསོན་ཤུགས་མི་འདྲ་བ་ཞིག་བསྩལ་ཡོད།   

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་ཀྱི་གུང་གསེང་བསུ་ཆེད། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱིས“སྨོན་ལམ་མཐོན་པོའི་རི་རྩེ་ནས་རྒྱལ་སྟོན་བསུ་བ་དང་ཐོག་མའི་བསམ་འདུན་གྱིས་དུས་རབས་གསར་པ་མཚོན་པའི”བརྗོད་དོན་བྱེད་སྒོ་དང“ཕུལ་བྱུང་པར་རིས་དང་པར་ལེན་བརྩམས་ཆོས་འགྲེམས་སྟོན” “ཟླ་མཆོད་སྨོན་ལམ་བྱེད་སྒོ”སོགས་སྤེལ་ནས་གནས་སྐོར་བ་རྣམས་ལ་ཕུན་སུམ་ཚོགས་པའི་ལྟ་སྐོར་རྣམས་གྲངས་བསྐྲུན་ཡོད། ཐེངས་འདིའི་གུང་གསེང་གི་སྐབས་སུ་སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱིས་རིག་རྩལ་མཛེས་ལྗོངས་ཁུལ་དུ་བསྐྱོད་པ་དང་། དམག་འཁྱུར་གནམ་གཤིས་མཁའ་འཕེན་མེ་སྒྱོགས་གཉིས་དང་ཤིང་ལམ་ཆུང་ངུ་གཅིག གནས་སྐོར་ཕྱོགས་སྟོན་ལམ་བྱང་གཅིག་བཅས་གསར་དུ་བསྣན་ཏེ། དུས་ཆེན་གྱི་རྣམ་པ་ལེགས་པོ་བསྐྲུན་ནས་གནས་སྐོར་བར་སྣེ་ལེན་གྱི་གྲ་སྒྲིག་ཡག་པོ་བྱས་ཡོད། 

གུང་གསེང་སྐབས་སུ་འགྲུལ་བཞུད་མང་པོར་སྣེ་ལེན་ཡག་པོ་བྱ་ཆེད། ལྗོངས་ཁུལ་གྱིས་སྔོན་ལ་གྲ་སྒྲིག་ལེགས་པོ་བྱས་ཏེ་རིག་གནས་གནས་སྐོར་སྡེ་ཁག་དང་ལྗོངས་ཁུལ་གྱི་ལས་དོན་མི་སྣ་ཇེ་མང་དུ་བཏང་ནས། གཉེར་སྐྱོང་བདེ་བླག་ཡོང་བར་འགན་ལེན་དང་། རིག་གནས་གནས་སྐོར་དང་འགྲིམ་འགྲུལ། སྤྱི་བདེ། ཁྲོམ་ར་རྟོག་དམ་སོགས་ལས་ཁུངས་ཀྱིས་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བཏང་ཡོད་པ་དང་། འཕྲོད་བསྟེན་ཞབས་ཞུར་ཤུགས་རྒྱག་པ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལམ་ཐོག་གི་ཁ་བ་དུས་ཐོག་ཏུ་གཙང་སེལ་བྱས་ནས་གནས་སྐོར་བ་དག་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་ངང་རྩེད་འཇོར་རོལ་བར་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ལྗོངས་ཁུལ་གྱིས་དྲ་བའི་ཐད་གཏོང་གི་སྒོ་ནས་ཉི་མ་ནུབ་ཁའི་མཛེས་ལྗོངས་དུས་ཐོག་ཏུ་ངོ་སྤྲོད་བྱེད་པ་དང་། ཡུལ་དངོས་ཀྱི་བྱེད་སྒོས་ཁྲིད་སྟོན་དང་རིན་མེད་ངང་ཇ་ལྡུད་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཕེབས་པའི་གནས་སྐོར་བ་རྣམས་སྤྲོ་བས་བསུས་ཡོད། 

ཐེངས་འདིའི་རྒྱལ་སྟོན་གུང་གསེང་སྐབས། མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་དྭངས་གསལ་གྱི་མཚོ་མོ་དང་མཛེས་སྡུག་གི་སྐྱེ་ཁམས་མཛེས་ལྗོངས་ཀྱིས་ལྟད་མོ་བའི་སེམས་ལ་བདེ་སྣང་བྱིན་ཡོད་པ་དང་། མ་རྡུལ་མཁར་རྗེས་དྲན་ཁང་དང་མཚོ་སྔོན་པོ་སྐྱེ་ཁམས་རྟེན་མཛོད་ཁང་། ཝང་ལོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་། རྟེན་གཞི་གནས་རྙིང་གི་ལས་གྲྭ་ཁག་མཉམ་འགུལ་བྱས་ཏེ་ཕུན་སུམ་ཚོགས་པའི་གསར་བརྗེ་ཞིབ་སློབ་ལ་བརྟེན་ནས་མེས་རྒྱལ་གྱི་དཀའ་སྡུག་དང་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་སྤྲོད་བྱས་ཡོད་པ་དང་། གོམ་པ་རྗེས་མར་སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱིས་ད་དུང་མུ་མཐུད་དུ་སྤུས་ལེགས་ཞབས་ཞུ་དང་ཁྱད་ལྡན་གནས་སྐོར་ཐོན་ཁུངས་ཀྱིས་ལྟད་མོ་བ་སྔར་ལས་མང་པོ་སྟོན་དགུན་དུས་ཀྱི་སྨོན་ལམ་མཐོན་པོའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་ལ་རོལ་མྱོང་བྱེད་དུ་ཡོང་བར་རེ་བས་སྒུག་ཡོད།



མཉམ་སྤྱོད།