དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་གློག་ཤུགས་སྤྱི་སྤྱོད་རླངས་འཁོར་བཀོལ་སྤྱོད་བཏང་སྟེ་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་ལེའུ་གསར་བ་བསྐྲུན་པ།

2025-10-31 15:22:12   |   52

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཐཱན་ཉུང་ཕྱོགས་ལ་འགྱུར་བ་དང་ས་ཁོངས་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད། སྤྱི་པའི་འགྲིམ་འགྲུལ་ནི་མང་ཚོགས་སྟབས་བདེའི་ངང་འགྲོ་འོང་བྱེད་པའི་རྨང་གཞི་རང་བཞིན་གྱི་འགན་སྲུང་ཡིན་པ་མ་ཟད། ས་ཁོངས་ཀྱི་ལྗང་མདོག་སྣང་བརྙན་མངོན་སའི་སྒེའུ་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ནས་བཟུང་མདའ་བཞི་རྫོང་འགྲིམ་འགྲུལ་ཅུས་སྤྱི་པའི་འགྲིམ་འགྲུལ་གཞི་རྟེན་དུ་བྱས་ནས་གློག་ཤུགས་ཀྱི་ནུས་ཁུངས་རླངས་འཁོར་རིགས་གསར་སྒྱུར་དང་བཀོལ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྔོན་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུ་ཕྱོགས་ཡོངས་ནས“རིམ་སྤར+གནས་སྐོར+འགྲིམ་འགྲུལ”སྐྱེ་ཁམས་འཕེལ་རྒྱས་ཀྱི་མཉམ་འདྲེས་གསར་པར་བསྒྱུར་ཏེ། སྣུམ་ཚབ་གློག་སྤྱོད་དང་ལྗང་མདོག་ཕྱིར་བསྐྱོད། ཕན་ཚུན་སྐུལ་འདེད་གཏོང་བ”བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།     

     དྭངས་གཙང་དང་ཐཱན་ཉུང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་མ་ལག་འཛུགས་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ནུས་རྒྱུ་གསར་པའི་གློག་སྒུལ་རྐྱང་མའི་སྤྱི་འཁོར(སྤྱི་སྤྱོད་རླངས་འཁོར)ཁྱོན་ཡོངས་ནས་གསར་བརྗེ་བྱས་ཡོད། མིག་སྔའི་བར་ནུས་རྒྱུ་གསར་པའི་སྤྱི་འཁོར(སྤྱི་སྤྱོད་རླངས་འཁོར)8བེད་སྤྱོད་བྱས་ཡོད་པ་དང་། གློག་སྡོང6འཛུགས་སྐྲུན་བྱས་ཡོད། རྫོང་ཁོངས་ཀྱི་གཞུང་ལམ་གཙོ་བོ་དང་དེ་བཞིན་གཙོ་གནད་གནས་སྐོར་ལམ་ཐིག་ལ་ནུས་རྒྱུ་གསར་པའི་རླངས་འཁོར་ཀྱིས་ཡོངས་སུ་ཁྱབ་པར་བྱས་ཡོད། “སྒྲ་ཆུང་བ་དང་ཐཱན་མེད་པའི”ལྗང་མདོག་སྤྱི་སྤྱོད་རླངས་འཁོར་གྱིས་མང་ཚོགས་ཀྱི་གནས་སྐོར་མྱོང་ཚོར་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། རྩྭ་ཐང་དང་མཚེའུ། གྲོང་ཁྱེར་དང་གྲོང་རྡལ་བར་གྱི“སྐོར་སྐྱོད་མཛེས་ལྗོངས”ཤིག་ཏུ་གྱུར་ཏེ། “རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་འགྲེལ་བརྗོད་གསོན་ཉམས་དོད་པོ་བྱས་ཡོད།    

“འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས”ལྟེ་བའི་བྱེད་ཐབས་སུ་བྱས་ཏེ། མདའ་བཞི་རྫོང་འགྲིམ་འགྲུལ་ཅུས་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཇེ་ལེགས་སུ་གཏོང་བ་དང་གནས་སྐོར་ས་ཚིགས་བཀོད་སྒྲིག་འཆར་འགོད་བྱས་ཏེ། སྤྱི་སྤྱོད་རླངས་འཁོར+ལྗོངས་ཁུལ་གྱི་འབྲེལ་མཐུད་ཞབས་ཞུའི་རྣམ་པ་གཙོ་གནད་དུ་བཏོད་ཡོད། བྱེ་མ་ལ་བདུན་དང་སྨོན་ལམ་མཐོན་པོའི་སྤྱི་སྤྱོད་རླངས་འཁོར་ཆེད་སྤྱོད་ལམ་ཐིག་ཏུ་ཆེད་དོན་ཤར་གཏོང་བྱ་རྒྱུར་ཇུས་འགོད་བྱས་པ་དང་། ལམ་ཐིག་དེ་མདའ་བཞི་རྫོང་མེ་འཁོར་ས་ཚིགས་ནས་མགོ་བརྩམས་ཏེ་སྨོན་ལམ་མཐོན་པོའི་འདབས་རྒྱུད་ཀྱི་ལྟེ་བའི་ལྗོངས་ཁུལ་ཚང་མར་ཐད་ཀར་སླེབས་ཐུབ་ཅིང་། “མེ་འཁོར་ལས་བུད་མ་ཐག་རླངས་འཁོར་ལ་འདུག་ཐུབ་པ་དང་། རླངས་འཁོར་ནས་བུད་མ་ཐག་ལྗོངས་ཁུལ་དུ་འཛུལ་ཐུབ་པའི”སྟབས་བདེའི་གནས་སྐོར་ལམ་ཐིག་མངོན་འགྱུར་བྱས་ཡོད། བྱེད་ཐབས་འདིས་སྡོད་དམངས་དང་གནས་སྐོར་བ་རྣམས་ལ་གནས་སྐོར་གྱི་གདམ་ག་ལེགས་པོ་མཁོ་འདོན་བྱས་ཡོད་པ་མ་ཟད། རྫོང་ཁོངས་ཀྱི་སྟབས་བདེའི་གནས་སྐོར་སྣེ་ལེན་རྣམ་པ་ལག་ལེན་བསྟར་རྒྱུར་ཐད་ཀར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱི་རུ་བཏོན་ཡོད།

མ་འོངས་པར། མདའ་བཞི་རྫོང་འགྲིམ་འགྲུལ་ཅུས“འགྲིམ་འགྲུལ+གནས་སྐོར+ལྗང་མདོག་ནུས་ཁུངས”མཉས་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་མུ་མཐུད་ཏུ་གཏིང་ཇེ་ཟབ་ཏུ་བཏང་སྟེ། ལྗང་མདོག་སྤྱི་སྤྱོད་རླངས་འཁོར་དེ་མང་ཚོགས་ཀྱི་རྒྱུན་གཏན་འགྲོ་འོང་བྱེད་པའི“སེམས་དྲོ་རླངས་འཁོར”ཞིག་དང་། ས་ཁོངས་ཡོངས་ཀྱི་གནས་སྐོར་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ཡོང་བར་རོགས་རམ་བྱེད་པའི“གདོང་ལེན་རླངས་འཁོར”ཞིག་ཏུ་བསྒྱུར་ནས་མདའ་བཞི་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་འགྲིམ་འགྲུལ་གྱི་སྒུལ་ཤུགས་སྣོན་རྒྱུ།



མཉམ་སྤྱོད།