དེ་རིང་ནི2025ལོའི་ཟླ12པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་མདའ་བཞི་རྫོང་གི་དགུན་དུས་གནས་སྐོར་གྱི་མགོ་རྩོམ་མཛད་སྒོའི་མཐོང་སྣང་།

2025-12-09 09:53:42   |   103

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས6ཉིན། ཞོགས་པའི་ཉི་ཟེར་གྱི་འོད་སྣང་ཁྲོད་ནས་མདའ་བཞི་རྫོང་གི2025ལོའི་དགུན་དུས་གནས་སྐོར་གྱི་མགོ་རྩོམ་མཛད་སྒོ་དང་། མཚོ་སྔོན་པོར་མཚོ་དར་ཆགས་པའི་དུས་ཚིགས་ཀྱི་སྨྱན་སྦྱོར་འགྲུལ་སྐྱོད་བྱེད་སྒོ་དེ། མཚོ་སྔོན་པོའི་བྱང་ངོགས་ཏེ་སྐྱེས་མཆོག་སྨོན་ལམ་མཐོན་པོའི་འདབས་རོལ་དུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་བྱེད་སྒོར་ཞིང་ཆེན་ཡོངས་ནས་སླེབས་པའི་གསར་འགྱུར་སྨྱན་སྦྱོར20ལྷག་ཙམ་དང་། དྲ་གྲགས་དྲིལ་སྒྲོག་མཁན10ལྷག ཀན་སུའུ་དང་མཚོ་སྔོན་གྱི་གནས་སྐོར་ལས་དོན་ཁང30ལྷག་ཙམ་གྱི་འཐུས་ཚབ་གསར་འགོད་མི་སྣ་མང་པོ་མཚོ་སྔོན་པོའི་འགྲམ་དུ་ལྷན་འཛོམས་བྱས་ཏེ། པར་རིས་དང་བརྙན་ལམ། ཐད་གཏོང་སོགས་སྐུད་ལམ་སྣ་ཚོགས་བརྒྱུད་དེ་གསར་བརྗེ་རིག་གནས་ཀྱི་ཤུལ་བཞག་དང་ལོ་རྒྱུས་ཀྱི་དྲན་པ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཛེས་ཉམས། ཁ་བའི་མཛེས་ལྗོངས་ཁྲོད་ཀྱི་སྤྲོ་སྣང་། ས་མཐོའི་མཛེས་ལྗོངས་སོགས་མཉམ་འདྲེས་སུ་སྣང་བའི་དགུན་དུས་ཀྱི་མདའ་བཞིའི་ཡིད་དུ་འོང་བའི་མཛེས་སྡུག་དེ་མཉམ་གཅིག་ཏུ་ཟིན་འགོད་དང་བརྒྱུད་སྒྲོག་བྱས་ཡོད། 

ཐེངས་འདིའི་བྱེད་སྒོས“རི་བོ་གཅིག་དང་ཆུ་མིག་གཅིག མཚོ་མོ་གཅིག གྲོང་ཁྱེར་གཅིག”ཅེས་པའི་ལྟེ་བའི་ཐོན་ཁུངས་གཞིར་བཟུང་སྟེ། སྐྱེས་མཆོག་སྨོན་ལམ་མཐོན་པོའི་གསེར་མདོག་གི་ཞོགས་པའི་ཉི་སེར་དང་མདའ་བཞིའི་ཆུ་ཚན་ཁམས་གསོ། མཚོ་སྔོན་པོའི་མཚོ་དར་གྱི་མཛེས་ལྗོངས་མྱོང་རོལ་བྱེད་པ་སོགས་དགུན་དུས་ཀྱི་གནས་སྐོར་རྣམ་གྲངས་གྱ་ནོམ་པ་ཞིག་བཀོད་སྒྲིག་བྱས་ཡོད། 

f7a060eac267a0bcf164707cbaa35f33.jpg

    སྨོན་ལམ་མཐོན་པོའི་གསེར་མདོག་གི་ཉི་སེར་དང་དྲོད་ཅིང་ཁོལ་བའི་ཆུ་ཚུན། འཁྱགས་ལ་བསྡམས་པའི་མཚོ་མོའི་འཁྱགས་དར། ཁ་བའི་ཁྲོད་ཀྲོང་ངེར་འགྱིང་བའི་མ་རྡུལ་མཁར་གྱི་མཚོན་རྟགས་རྡོ་རིང་སོགས་དེང་རབས་བརྙན་མིག་བརྒྱུད་ནས་དྲ་བའི་སྒང་དང་འཛིན་མའི་ཁྱོན་ལ་བརྒྱུད་སྒྲོག་བྱས་པ་དེས། གྲང་ངར་གྱི་དགུན་ལྗོངས་ཁྲོད་ལྷན་ནེ་ལྷམ་མེར་གནས་པའི་མདའ་བཞི་གཡང་སྡེ་ཕྱུག་མོའི་ཡལ་བ་མེད་པའི་གསོན་ཤུགས་དང་འབྱོར་ཕྱུགས་ཕུན་ཚོགས་གསལ་བོར་མཚོན་ཡོད། 

5771d89983e22b1fdd64a7898c2a5299.jpg

ཐེངས་འདིའི་བྱེད་སྒོའི་ཚོགས་ར་གཙོ་བོ་ནི་གྲང་ངར་ལྡན་པའི་མཚོ་མོའི་འགྲམ་ངོགས་སུ་བཙུགས་ཡོད་ཀྱང་ལྟད་མོ་བ་དང་ལས་བཟོ་བ་དག་གི་ལུས་སེམས་ནི་དྲོད་ཁོལ་གྱིས་ཁེངས་ཡོད་ལ། ཀུན་གྱིས་དོ་སྣང་དང་ཆེས་དགའ་བསུ་ཐོབ་བཞིན་པ་ནི“མཐོ་སྒང་གི་ཆེས་ཆེ་བའི་སླ་ང”ཞེས་གྲགས་པའི་སླ་ང་དེ་རེད་ལ། མེ་ལྕེ་དྲོན་མོའི་ཁྲོད་ལྷོག་ལྷོག་ཏུ་གདུ་བཞིན་པའི་སླ་ངའི་ནང་དུ་ས་གནས་ཀྱི་ཁྱད་ལྡན་ནོར་ཤ་དང་བོད་ལུག་གི་ཤ་གཙོར་བྱས་པའི་ཟས་རིགས་སྣ་ཚོགས་འཛོམས་པའི་རྒྱ་ཁོག་གི་དྲི་ཞིམ་གང་སར་ཁྱབ་ཡོད། གནས་སྐོར་བ་དང་སྨྱན་སྦྱོར་མི་སྣ། གནས་སྐོར་ལས་དོན་ཁང་གི་འཐུས་མི་སོགས་གཅིག་རྗེས་གཉིས་མཐུད་དུ་དེར་ཡོང་ནས་ཞིམ་མངར་གྱི་ཟས་མཆོག་ལ་རོལ་བཞིན་ཡོད་པ་ནི། གྲང་ངར་དང་འཁྱགས་དར་གྱི་མཛེས་ལྗོངས་ཁྲོད་ཀྱི་དྲོད་ཁོལ་གྱི་འདུ་འཛོམས་ཞིག་དང་མཛེས་སྡུག་དམིགས་བསལ་བ་ཞིག་ཏུ་འཁུམས་ཤིང་། ཉེ་འཁོར་གྱི་གྲང་ངར་དང་འཁྱགས་དར་ནི་སྐད་ཅིག་མར་བཞུ་རུ་འཇུག་ཐུབ་པ་དང་གཉིས་སུ་མེད། 

45a8c6afa365a8af517196339c18ed11.jpg

རྒྱ་ཁོག་གསོལ་སྟོན་གྱི་ཚ་རླུང་གི་མཐའ་རུ་ཁ་བའི་གཡོགས་པའི་འགྲེམ་ཁུལ་དུ་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་ཟས་མཆོག་གིས་ས་མཐོའི་སྲོག་ཆགས་ཀྱི་གསོན་ཉམས་ལྡན་པའི་དངོས་རྫས་འགྲེམས་སྟོན་བྱས་ཡོད་ལ། ས་འདམ་གྱིས་བརྐོས་པའི་ཤྭ་བ་སྐེ་རིང་སོགས་ཞིབ་ཚགས་ཀྱི་བཟོ་དབྱིབས་དང་ཤྭ་བོའི་གཟུགས་བརྙན་གྱི་གསོན་ཉམས་དོད་པའི་ཚེ་སྲོག་གི་རྣམ་པ་དེར་བབ་ཆགས་པའི་སྒྱུ་རྩལ་གྱི་སྣང་བརྙན་ཞིག་ངང་ངམ་ཤུགས་ཀྱིས་ཆགས་ཡོད། 

གལ་ཏེ་རྒྱ་ཁོག་དང་མཐོ་སྒང་གི་སྲོག་ཆགས་འགྲེམས་སྟོན་ནི་ཕྱིའི་དངོས་པོའི་བཤམས་སྟོན་ཞིག་ཡིན་ཚེ། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ནི་ནང་སེམས་ལ་དྲོད་ཁོལ་དང་སེམས་འགུལ་སྟེར་བའི་གསོལ་སྟོན་ཞིག་ཡིན་ཏེ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས“མཚོ་སྔོན་པོའི་ཀླུ་མཆོད”ཀྱིས་མི་རྣམས་ཀྱི་ཡིད་སེམས་ལ་དད་སེམས་སྦྱིན་ཐུབ་ཅིང་། སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པའི་མཆོད་འབུལ་མཁན་དང་དམངས་ཚོགས་ཀྱིས་གནའ་བོའི་གོམས་སྲོལ་ལ་བརྟེན་ནས་རང་བྱུང་ཁམས་ལ་བཅིངས་བའི་གུས་བཀུར་དང་སྨོན་འདུན་མཚོན་པར་བྱས་ཡོད་པ་དང་། ལོ་ངོ་སྟོང་ཕྲག་རིང་ལ་བརྒྱུད་པའི་སྲོལ་རྒྱུན་གྱི་ཆོ་ག་འདི་དེང་རབས་གནས་སྐོར་བའི་མིག་མདུན་དུ་གསོན་ཉམས་ལྡན་པའི་ངང་མིག་འདུན་དུ་མངོན་པར་བྱས་ཡོད། 

398de9991e4bd503e82a08417fb71a4f.jpg

དེ་དང་ཆབ་ཅིག་ཏུ་པི་ཝང་རྟ་མགོ་མས་དཀྲོལ་བའི་དབྱངས་རྟ་རེ་རེ་ནི་གྲང་ངར་གྱིས་བསྡམས་པས་རྒྱང་རིང་གི་རི་བོའི་ཕྱོགས་སུ་བསྐྱོད་དེ་རྩྭ་ཐང་གི་མི་རིགས་ཤིག་གི་གཏམ་རྒྱུད་བཤད་བཞིན་པ་དང་མཚུངས་ཤིང་། གཟུགས་འདས་ཤུལ་བཞག་རིག་གནས་དང་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་སྟེགས་བུའི་མདུན་དུ་བསྒྲིགས་པའི་ལུག་བལ་གྱི་ཞྭ་མོ་དང་ཚོན་མདོག་ལྡན་པའི་འཚེམ་དྲུབ། རང་བྱུང་བབ་ཆགས་ཀྱི་རུས་བརྐོས་བཅས་ཀྱིས་ལྟད་མོ་བའི་ཡིད་དབང་ཅིག་ཅར་དུ་བཀུག་ཡོད། 

ཚོགས་ར་གཙོ་བོའི་བྱ་འགུལ་རིམ་བཞིན་མཐོ་རླབས་སུ་སླེབས་པ་ན་ལྟད་མོ་བ་ཁག་ཅིག་ནི་གྲང་ངར་ཆེ་བའི་མཚོ་མོའི་འགྲམ་ངོགས་ནས་དྲོད་ཀྱི་རླངས་པའི་ཁེངས་པའི་གནས་གཞན་ཞིག་ཏུ་སྐྱོད་མགོ་བརྩམས་ཡོད་ལ། དེ་ནི་ཝ་མགྱོགས་ཡུལ་ཚོར་བཙུགས་པའི་ཡན་ལག་ཚོགས་ར་སྟེ་མདའ་བཞིའི་ཆུ་ཚན་ཁམས་གསོ་ལྗོངས་ཁུལ་ཡིན་ལ། འགྲུལ་བཞུད་འདི་ནི་མདའ་བཞིའི་ཆེས་ཐུན་མོང་མ་ཡིན་པ་དང་ཆེས་ཡིད་དུ་འོང་བའི་ཡུལ་ལྗོངས་མྱོང་རོལ་གྱི་ཁྱད་ཆོས་དེ་ཡིན། 

c28f432e73dca985f3de8d5695ff2e75.jpg

ས་མ་རུབ་གོང་དུ་ལྟད་མོ་བ་དང་སྨྱན་སྦྱོར་གསར་འགོད་པ་དག་གིས་ཆུ་ཚན་ཁམས་གསོ་དང་རྩྭ་ཐང་གི་ཁྱད་ལྡན་ཟས་མཆོག་སོགས་རང་བྱུང་སྐྱེ་ཁམས་དང་མི་ཆོས་རིག་གནས་ལ་རོལ་མྱོང་བྱས་རྗེས། འཆར་འགོད་བྱས་པའི་ལམ་ཐིག་བརྒྱུད་ནས་ཕྱིར་སླེབས་ཤིང་། ཁོང་ཚོས་བརྙན་མིག་ཁྲོད་ཀྱི་འདྲ་པར་རེ་རེ་དང་བརྙན་ཐུང་རེ་རེ་ནི། མདའ་བཞིའི་མཛེས་ལྗོངས་ལ་བཅིངས་པའི་ཞེན་ཆགས་དང་ལྷད་མེད་ཀྱི་བརྩེ་སེམས་དྲོད་མོ་དེ་ཡིན། 

མདའ་བཞིའི་དགུན་དུས་ཀྱི་མཛེས་ལྗོངས་ནི་སྣ་གཅིག་ཆིག་རྐྱང་གི་རྣམ་པ་ཙམ་མ་ཡིན་པར། “རི་བོ་གཅིག་དང་ཆུ་མིག་གཅིག མཚོ་མོ་གཅིག གྲོང་ཁྱེར་གཅིག”གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས་གནས་འདིས་དགུན་དུས་ཀྱི“ཁུ་སིམ་ལྷིང་འཇགས”དེ་ལྟད་མོ་བའི་ཡིད་སེམས་འཕྲེང་སའི་ཡུལ་ལྗོངས་སུ་གྱུར་ཡོད་པ་དང་། དུས་ཚིགས་འདིར་ཁྲི་གཤོག་རྒྱལ་མོ་འཁྱགས་པས་བསྡམས་ལ་ཉེ་ཡང་མདའ་བཞིའི་དགུན་དུས་ཀྱི་ལྟད་མོ་ནི་ད་གཟོད་མགོ་བརྩམས་མ་ཐག་ཡིན། 



མཉམ་སྤྱོད།