དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པེ་རིགས།

2022-12-29 15:04:11   |   475

པེ་རིགས(白族)ནི་གཙོ་བོ་ཡུན་ནན་ཞིང་ཆེན་ཏ་ལིས་པེ་རིགས་རང་སྐྱོང་ཁུལ་དུ་གནས་ཤིང་ཡུན་ནན་གྱི་ས་གནས་གཞན་དག་ཏུའང་ཐོར་སྡོད་བྱས་ཡོད། དེ་ལས་གཞན་ཀོས་ཀྲིག་ཞིང་ཆེན་གྱི་པའེ་ཅེ་ས་ཁུལ་དང་སི་ཁྲོན་གྱི་ལིང་ཧྲན། ཧུའུ་ནན་གྱི་སང་ཀྲི་རྫོང་སོགས་སུ་ཡང་གནས་ཡོད། ཁྱོན་སྡོམ་མི་གྲངས19333500ལྷག་ཡོད། སྔོན་ཆད་མི་རིགས་དེར“པེ་ཙི”དང“པེ་ནུས”ཞེས་འབོད་ལ། 1956ལོར་ཁོ་ཚོའི་འདོད་བློ་ལྟར་པེ་རིགས་ཞེས་བཏགས། 

པེ་རིགས་སྐྱེས་པ་ཚོས་མདོག་དཀར་གཞུང་གཤགས་སྟོད་ལྭ་གྱོན་པ་དང་ཕྱི་ལ་མདོག་ནག་ཁན་སྦྱར་གྱོན། ཁོག་སྨད་དུ་རྐང་སྣམ་རིང་མོ་དང་མགོ་ལ་རས་དཀར་དཀྲི། སྐྱེས་མ་མང་ཆེ་བས་མདོག་དཀར་བོ་དང་ལྗང་ཁུ་ཅན་གྱི་སྟོད་ལྭ་ཕུར་ཁ་དམ་པོ་ཅན་གྱོན་པ་དང་མེ་ཏོག་གཙགས་ཡོད་པའི་པང་ཁེབས་བཅིངས་ཡོད། དེ་མིན་དངུལ་གྱི་རྒྱན་ཆ་འདོགས་པ་དང་ལྷམ་ཐོག་ཏུ་མེ་ཏོག་གཙགས་ཡོད། 

པེ་རིགས་རྩོམ་རིག་ལ་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་ཞེས་ཁག་གཉིས་ཡོད་ཅིང་། ཁོ་ཚོས་རྒྱ་ཡིག་བཀོལ་བཞིན་ཡོད། པེ་རིགས་ལྷ་སྒྲུང་གི་དཔེ་མཚོན་བརྩམས་ཆོས་ནི《གནམ་ས་མགོ་གཏིང་བསློགས་པའི་ངག་རྒྱུན》སོགས་དམངས་ཁྲོད་གཏམ་རྒྱུད་དང་ངག་རྒྱུན་གྱིས་པེ་རིགས་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་དང་མི་རིགས་ཀྱི་སེམས་ཁམས་མཚོན་པས། ཆེས་མཐོ་བའི་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན། བཅིངས་འགྲོལ་བྱས་རྗེས་པེ་རིགས་ཀྱི་རྩོམ་པ་པོའི་རྩོམ་རིག་ལ་བླ་ལྷག་གིས་འཕེལ་རྒྱས་བྱུང་། སྒྲུང་གཏམ་མཁན་ཡང་སུའུ་དང་སྙན་ངག་མཁན་ཞོད་ཞོས། ཀྲང་ཁྲང་སོགས་ཀྱིས་སྔ་གཞུག་ཏུ་བརྩམས་ཆོས་གང་མང་ཞིག་འགྲེམ་སྤེལ་བྱས། པེ་རིགས་ཀྱི་བཟོ་བཀོད་བརྐོས་རིས་དང་རི་མོར་དུས་ཡུན་རིང་བོའི་ལོ་རྒྱུས་ལྡན་པར་མ་ཟད། དམངས་ཁྲོད་རོལ་དབྱངས་ཀྱང་ཕུན་སུམ་ཚོགས་པ་ཞིག་མཆིས། པེ་རིགས་མི་དམངས་ཚོས་དགའ་མགུ་ཡི་རང་བྱེད་པའི་པེ་རིགས་ཟློས་གར་ལ་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། པེ་རིགས་ཀྱིས་གཉེན་སྒྲིག་དང་ཡང་ན་བཀྲ་ཤིས་པའི་དོན་དག་ལ་རྟེན་འབྲེལ་ཞུ་བ་དང་ལེགས་སྐྱེས་འབུལ་སྐབས་བཀྲ་ཤིས་པའི་མཚོན་རྟགས་སུ་ཨང་གྲངས“དྲུག”གཙོ་བོར་བྱེད་པ་རེད། ལུགས་རྙིང་གི་ཟླ3པའི་ཚེས15ནས་ཚེས25བར་ཡུན་ནན་ར་ལིས་པེ་རིགས་ཀྱིས་སྲོལ་རྒྱུན་གྱི“གསུམ་པའི་སྲང་ལམ”ཞེས་པའི་བྱ་འགུལ་སྤེལ་ཀྱིན་ཡོད། བྱ་འགུལ་དེར་འཇུ་རེས་དང་མདའ་འཕེན། རྟ་རྒྱུག་སོགས་ལས་གཞན་ད་དུང་གློག་སྒྲོན་དང་མི་རིགས་གླུ་གར་སོགས་འཁྲབ་སྟོན་བྱེད་པ་རེད། 


མཉམ་སྤྱོད།