དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པོ་ཨན་རིགས།

2022-12-29 15:06:35   |   465

པོ་ཨན་རིགས(保安族)ནི་གཙོ་་བོ་ཀན་སུའུ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་ཅིང་། ཁྱོན་སྡོམ་མི་གྲངས20070ལྷག་ཡོད། པོ་ཨན་ཞེས་པ་ནི་མི་རིགས་རང་གི་འབོད་ཚུལ་ཞིག་ཡིན་པ་དང་། 1950ལོར་མི་རིགས་རང་གི་མོས་འདུན་ལྟར་པོ་ཨན་རིགས་ཞེས་གཏན་ཁེལ་མཛད། ཁོ་ཚོས་རང་མི་རིགས་ཀྱི་སྐད་ཆ་བཤད་བཞིན་ཡོད་མོད། མི་རིགས་རང་ལ་ཡི་གེ་མེད་པས་བྱིངས་ཀྱིས་་རྒྱ་ཡིག་བཀོལ་བཞིན་ཡོད། 

པོ་ཨན་རིགས་ཀྱི་སྐྱེས་པ་ཚོས་སྟོད་གོས་དཀར་བོའི་སྟེང་དུ་ཁན་སྦྱར་སྔོན་པོ་གོན་པ་དང་། མགོར་ཞྭ་དཀར་བོ་གོན། བུད་མེད་རྣམས་ཀྱིས་མདོག་དམར་སྨུག་དང་ལྗང་ནག་གི་སྟོད་གོས་གོན་པ་དང་། ཁོག་སྨད་ལ་རྐང་སྣམ་ནག་པོ་དང་དམར་བོ་གོན། 

པོ་ཨན་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་རྩོམ་རིག་ཡིན་ལ། དེའི་ཁྲོད་དུ་དམངས་གླུ་དང་ལྷ་སྒྲུང་། ངག་རྒྱུན། གཏམ་རྒྱུད། དགོད་གཏམ། གཏམ་དཔེ་སོགས་ཡོད། རི་གླུ་ནི་དམངས་གླུའི་རྣམ་པ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ཚོས་རི་གླུ་བརྒྱུད་ནས་བདེ་སྐྱིད་ཀྱི་འཚོ་བར་ཡིད་སྨོན་དང་ཐོན་སྐྱེད་ངལ་རྩོལ་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད། དེ་མིན་དམངས་ཁྲོད་གཏམ་རྒྱུད《ཅང་ཤེས》དང《ཨ་ཞང་དང་ཚ་བོ》《ཁྱིམ་མཚེས་གསུམ》ཞེས་པ་སོགས་ཀྱིས་པའོ་ཨན་རིགས་ཀྱིས་མི་རབས་ནས་མི་རབས་བར་དུ་མི་རིགས་བར་མཐུན་སྒྲིལ་ལེགས་པོ་ཡོང་བའི་མཛེས་སྡུག་གི་འདུན་པ་མཚོན་ཡོད། 

པོ་ཨན་རིགས་ཀྱི་གཉེན་སྟོན་ནི་སྤྱིར་བཏང་དུ་ཧོར་རིགས་ཀྱི་ཕྱག་འཚལ་བའི་དུས་ཆེན་གྱི་ཉིན་མོར་བྱེད། གཉེན་སྟོན་གྱི་ཉིན་དེར་མག་པ་དང་གཉེན་བསུ་མཁན་རྣམས་བར་བས་སྣེ་ཁྲིད་ནས་ཨ་ཞང་ཚང་ལ་བག་མ་བསུ་རུ་འགྲོ་དགོས་པ་དང་།  ཨ་ཞང་ཚང་ནས་བག་མ་བསུ་བའི་ཆོ་ག་ཡོངས་སུ་མཇུག་རྫོགས་རྗེས། ད་གཟོད་བག་མ་སྐྱེལ་དགོས་ཤིང་མག་པ་ཚང་དང་རྒྱང་ཐག་མི་རིང་བའི་མཚམས་སུ་བསླེབས་པ་ན། བག་མའི་ཕུ་བོའམ་གཉེན་ཉེ་ཞིག་གིས་བག་མ་ཁུར་ནས་ཁྱིམ་དུ་སྐྱེལ་དགོས། 

པོ་ཨན་རིགས་ཀྱི་གྲི་རྩལ་ནི་ཀན་སུའུ་དང་མཚོ་སྔོན་ས་ཁུལ་དུ་སྐད་གྲགས་ཤིན་ཏུ་ཆེ་ཞིང་། དུས་ཆེན་སོགས་སུ་སྡེ་བ་རེ་རེས་གྲི་རྩལ་རྩེད་སྟོན་བྱེད་པར་མ་ཟད། དེ་ནི་ལུས་ཕུང་སྦྱོང་བརྡར་བྱེད་པའི་མང་ཚོགས་རང་བཞིན་གྱི་བྱ་འགུལ་ཞིག་ཀྱང་ཡིན། 


མཉམ་སྤྱོད།