དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོ་ཞན་རིགས།

2022-12-29 15:10:43   |   357

ཁྲོ་ཞན་རིགས(朝鲜族)གཙོ་བོ་ཅི་ལིན་དང་ཧེ་ལུང་ཅང་། ལིའོ་ཉིང་སོགས་ཞིང་ཆེན་དང་ས་ཁུལ་དུ་གནས་ཤིང་། ཁྱོན་སྡོམམི་གྲངས1830920ལྷག་ཡོད་ལ། ཅི་ལིན་ཞིང་ཆེན་གྱི་ཡན་པེན་ཁྲོ་ཞན་རིགས་རང་སྐྱོང་ཁུལ་ནི་ཁྲོ་ཞན་རིགས་འདུས་སྡོད་བྱེད་གནས་གཙོ་བོ་ཡིན། ཁོ་ཚོས་རང་མི་རིགས་ཀྱི་སྐད་རིགས་དང་ཡི་གེ་བཀོལ་བཞིན་ཡོད། ཀྲུང་གོའི་ཁྲོ་ཞན་རིགས་ནི་མིང་དང་ཆིང་རྒྱལ་རབས་ཀྱི་ཚུན་ལ་ཁྲོ་ཞན་ཕྱེད་གླིང་ནས་ཀྲུང་གོའི་བྱང་ཤར་ས་ཁུལ་སོ་སོར་སྤོས་ཡོང་བའི་ཁྲོ་ཞན་པ་རེད། ཀྲུང་གོར་གཏན་སྡོད་བྱས་རྗེས་རིམ་བཞིན་འཕེལ་རྒྱས་བྱུང་ནས་ཀྲུང་གོའི་མི་རིགས་ཤིག་ཏུ་གྱུར། 

ཁྲོ་ཞན་རིགས་ཕལ་ཆེ་བས་མདོག་དཀར་པོའི་ལྭ་བ་གོན་ཞིང་། ཕོ་མོ་རྒན་གཞོན་ཚང་མའི་གྱོན་པའི་བཟོ་ལྟ་དང་ཁྱད་ཆོས་མི་འདྲ། སྐྱེས་པ་ཚོས་མདོག་དཀར་པོའི་ཕྱི་ལྭ་སྟོད་ཐུང་དང་སྨད་དུ་ཧ་ཅང་ཁོད་ཆེ་བའི་རྐང་སྣམ་གྱོན། བུད་མེད་ཚོའི་གྱོན་པ་ཕལ་ཆེར་གོས་ཀྱིས་བཟོས་པའི་སྟོད་ཐུང་དང་སྨད་གཡོགས་གོན་ཞིང་རས་ཐིག་གིས་སྒྲོག་གུའི་ཚབ་བྱེད། 

ཁྲོ་ཞན་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་སྟེ་ཁག་གཉིས་ལས་གྲུབ། དམངས་ཁྲོད་རྩོམ་རིག་ནང་དུ་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། དམངས་གླུ། དམངས་ཁྲོད་ཟློས་གར་སོགས་འདུས་ཤིང་དཔེ་མཚོན་བརྩམས་ཆོས་ནི《ཅིན་ད་ལད》སོགས་ཡིན། དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་རྩོམ་པ་པོའི་རྩོམ་རིག་ལ་འཕེལ་རྒྱས་ཆེན་པོ་བྱུང་། སྐབས་དེའི་རྩོམ་རིག་བརྩམས་ཆོས་ཀྱིས་མི་དམངས་མང་ཚོགས་ཀྱིས་མ་འོངས་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་པ་མཚོན་ཡོད། བཅིངས་འགྲོལ་བྱས་རྗེས་ཁྲོ་ཞན་མི་དམངས་ཀྱི་ཁྲོད་དུ་རྩོམ་པ་པོ་གྲགས་ཅན་དུ་མ་བྱུང་བ་དང་བརྩམས་ཆོས་ཀྱི་བསམ་བློ་རང་བཞིན་ཡང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད། 

ཁྲོ་ཞན་མི་དམངས་གླུ་གར་ལ་དགའ་ཞིང་རྒན་བཀུར་ཆུང་གཅེས་ཀྱི་སྲོལ་ལེགས་པོ་ཞིག་ཆགས་ཡོད། ལྷག་པར་དུ་རྒན་པ་ལ་མི་ཡོངས་ཀྱིས་བརྩི་བཀུར་བྱེད།། ཕ་བུ་གཉིས་མཉམ་དུ་ཡོད་ཚེ། བུ་ཕྲུག་གིས་ཕ་མའི་མདུན་དུ་དུ་བ་འཐེན་པ་དང་ཆང་འཐུང་མི་ཆོག  ཁྲོ་ཞན་རིགས་ཀྱི་ན་གཞོན་རྣམས་གཉེན་སྒྲིག་བྱེད་པའི་ཉིན་དེར་མག་པས་གོན་པ་གྲལ་དག་གོན་ཏེ་རྟར་ཞོན་ནས་ཆུང་མའི་ཁྱིམ་དུ་འགྲོ་བ་དང་། ཆུང་མ་ཚང་གིས་རྟ་འོག་ཏུ་གསོ་སྒྱེ་འདིང་བ་དང་མག་པ་རྟ་ཐོག་ནས་མར་འབབ་དུས་གོམ་པ་དང་པོ་གསོ་སྒྱེའི་སྟེང་སྤོ་དགོས། གསོ་སྒྱེའི་ནང་དུ་འབྲུ་རིགས་ཡོད་པ་དང་གཉེན་སྒྲིག་བྱས་རྗེས་ལོ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་མཚོན་རྟགས་རེད། ཁྲོ་ཞན་རིགས་ཀྱི་ལོ་སར་གྱི་རྒྱ་ནི་ཧ་ཅང་ཆེ། ཁོ་ཚོ་ཧ་ཅང་དགའ་བའི་ཟས་ནི་ཁྱི་ཤ་ཡིན་ལ་ལོ་སར་སྐབས་དུད་ཁྱིམ་ཡོངས་ཀྱིས་ཁྱི་ཤ་ཟ། རྒྱ་ལོ་བཅོ་ལྔའི་ཉིན་གྱི་དགུང་མོར་ཟླ་སྟོན་དུས་ཆེན་རོལ་པ་དང་དེའི་སྐབས་སུ་རྔ་དང་གླིང་བུ་རྡུང་འབུད་བྱེད་པ་སོགས་རོལ་རྩེད་ཕུན་སུམ་ཚོགས་པ་ཡོད། ཁྲོ་ཞན་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ནི་དཔྱང་ཐག་དང་མཆོང་ཟམ། འཇུ་རེས་སོགས་ཡིན། 


མཉམ་སྤྱོད།